ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཧུར་ཐག་གིས་སྒྲིག་གཞི་ལེགས་སྒྲིག་དང་བྱེད་ཐབས་སྒྱུར་བཅོས། རྒྱུ་སྤུས་མཐོར་འདེགས། ཕན་ནུས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་ཤུགས་ཆེན་པོས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས།
རྒྱུས་ལོན་བྱུང་བ་ལྟར་ན། ཧི་ནན་རྫོང་གིས་རྒྱུན་ཆད་མེད་པར་སྲིད་ཇུས་ཀྱི་སྣེ་ཁྲིད་ནུས་པ་ཇེ་དྲག་བཏང་བ་དང་སྡེ་ཁག་གི་འགན་སྲུང་ནུས་པ་འཐུས་ཚང་དུ་བཏང་སྟེ་མགྱོགས་མྱུར་གྱིས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་རབ་དང་རིམ་པ་ཕྱིར་བཏོན་པ་དང་ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཐོན་ལས་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་སྐྱེ་ལྡན་ཕྱུགས་ལས་གཞུང་སྒྲུབ་ཁང་བཙུགས་ཏེ་ཞང་དང་གྲོང་རྡལ་གཙོ་བོ་ནས་སྐྱེ་ལྡན་ཕྱུགས་ལས་ལག་བསྟར་བྱས་པ་དང་སྐྱེ་ལྡན་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཧི་ནན་རྫོང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་འཆར་འགོད་སྔོན་ལ་འཐེན་པ་དང་དམིགས་སུ་བཀར་ཏེ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་རྨ་ལྷོ་ཁུལ་གྱི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་ཞིབ་ཕྲའི་འཆར་འགོད་དང་ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་འཆར་འགོད། ཧི་ནན་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ཁུལ་གྱི་འཕེལ་རྒྱས་འཆར་འགོད། ཧི་ནན་རྫོང་གི་དེང་རབས་ཕྱུགས་ལས་དཔེ་སྟོན་ཁུལ་གྱི་འཕེལ་རྒྱས་འཆར་འགོད་སོགས་སྒྲིག་བཟོ་ཡོངས་འགྲུབ་བྱས་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་འཆར་འགོད་དང་གཅིག་གྱུར་གྱིས་སྐྱེ་ལྡན་ཕྱུགས་ལས་ལ་སྐུལ་འདེད་བཏང་སྟེ་ཐོན་ཁུངས་གཅིག་བསྡུས་ཀྱིས་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས།