མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད།
2017.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་དགུ་བའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་ཕྱོགས་མང་པོའི་སྲིད་ཇུས་དང་གནད་ཕིགས་དབུལ་སྐྱོར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་དག་སྨན་བཅོས་རོགས་སྐྱོར་ཁྲོད་བཞག་པ་དང་ཁོ་ཚོ་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཤིང་། ནད་རིགས་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཁེབས་ཚད་ཀྱང་བརྒྱ་ཆའི་བརྒྱ་ལ་སླེབས།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ཚང་མ་སྨན་བཅོས་འགན་སྲུང་གི་ཁྲོད་བཞག་པ་དང་སྨན་བཅོས་རོགས་སྐྱོར་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་བདེ་ཐང་དབུལ་སྐྱོར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་དེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་བཏང་ནས་དབུལ་ཕོངས་མང་ཚོགས་དག་སྨན་ཁང་དུ་སྡོད་པའི་ཁ་གསབ་སྨན་བཅོས་འགན་སྲུང་ལག་བསྟར་བྱས་ཏེ་ཁོ་ཚོ་དབུལ་ཐར་ཕྱུག་འགྱུར་བྱེད་པར་འགན་སྲུང་བྱས་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་བརྟག་སྨན་བཅོས་བྱེད་སྐབས་རིན་མི་ལེན་པ་དང་ཁྲག་རྒྱུན་ལྡན་ཡིན་མིན་ལ་བརྟག་དཔྱད་བྱེད་སྐབས་རིན་མི་ལེན་པ། གཅིན་རྒྱུན་ལྡན་ཡིན་མིན་ལ་བརྟག་དཔྱད་བྱེད་སྐབས་རིན་མི་ལེན་པ། སྨན་ཁབ་རྒྱག་སྐབས་རིན་མི་ལེན་པ་བཅས་ཀྱི་རིན་མི་ལེན་པ་བཞིའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱ་ཆེའི་དབུལ་ཕོངས་མང་ཚོགས་དག་གི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་ཕོངས་ས་ཁུལ་གྱི་ལོ་ལོན་རྒན་པའི་ལུས་ཕུང་བདེ་ཐང་ལ་རིན་མེད་བརྟག་དཔྱད་བྱེད་པའི་ལོ་ཚོད་སྔོན་གྱི་ལོ་རེ་ལྔ་ནས་ད་ལྟའི་ལོ་དྲུག་ཅུར་མར་ཕབས་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཤུགས་ཆེན་པོས་དབུལ་ཕོངས་ཞང་གྲོང་གི་འཕྲོད་བསྟེན་ཁང་དུ་བོད་སྨན་སྒོ་བསྟེན་ཁང་འཛུགས་པའི་ལས་གཞི་ལག་བསྟར་བྱས་ཏེ་བོད་སྨན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་།

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་ནད་རིགས་ཚབས་ཆེན་བྱུང་བའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་ང་གཅིག་གི་ཁྲོད་མི་དགུ་བརྒྱ་ཉེར་བརྒྱད་ལ་སྨན་བཅོས་བྱས་པ་དང་སྨན་བཅོས་བྱས་ཚད་བརྒྱ་ཆའི་ཞེ་བདུན་ལ་སླེབས། ལིང་ཏོག་གི་མིག་ནད་དང་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ། ཐུམ་འབུའི་ནད་པ་དག་ལ་རིན་མེད་བརྟག་དཔྱད་བྱས་ཏེ་ཐུམ་འབུའི་ནད་བྱུང་ཡོད་པའི་ནད་པ་དགུ་བརྒྱ་དྲུག་ཅུ་གསར་རྙེད་བྱུང་བ་དང་ཁོ་ཚོར་རིན་མིན་པར་སྨན་བཅོས་ལག་བསྟར་བྱས།