ཟླ་དགུ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་བདུན་པ་དང་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནས་གྲོལ། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི«སི་ཁྲོན་ཏང་གི་འཛུགས་སྐྲུན»དུས་དེབ་ཁང་གིས་སྒྲུབ་འགན་འཁུར་བ་ཡིན་ལ། དེ་ནི་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་བཙུགས་པའི་ཚུན་ལ་ཐོག་མར་ཁྲིན་ཏུའུ་གྲོང་ཁྱེར་ནས་བསྡུས་པ་དང་། སྐབས་སྔོན་མ་དག་དང་བསྡུར་ན་གཞི་ཁྱོན་ཆེ་བ་དང་ཚོགས་ཞུགས་ཀྱི་སྨྱན་བྱད་དང་མི་སྣ་ཆེས་མང་བའི་གྲོས་ཚོགས་ཐེངས་ཤིག་ཡིན། ཐེངས་འདིའི་ཚོགས་འདུར་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ཞིང་ལྗོངས་ལྔའི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་བོད་ཡིག་སྨྱན་བྱད་ལས་ཁུངས་དྲུག་ཅུ་ལྷག་གི་མི་སྣ་བརྒྱ་ལྷག་ཞུགས།
1996ལོར་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུ་དངོས་སུ་བཙུགས་ཤིང་། དེ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། རྔ་བ་ཉིན་རེའི་ཚགས་པར་ཁང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་། གཞིས་ཀ་རྩེ་ཉིན་རེའི་ཚགས་པར་ཁང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་བཅས་ཚགས་པར་ཁང་བདུན་གྱིས་མཉམ་འབྲེལ་སྒོས་གྲོས་གཞི་བཏོན་ནས་བཙུགས་པ་དང་། ལོ་རེར་པེ་ཅིན་དང་ཞིང་ལྗོངས་ལྔ་ཡི་ཚགས་པར་ཁང་དང་། དུས་དེབ་ཁང་། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་འབྲེལ་ཡོད་གསར་འགྱུར་སྨྱན་བྱད་ལས་ཁུངས་ཀྱིས་རེས་སྐོར་ནས་གཙོ་སྒྲུབ་བྱེད་བཞིན་ཡོད། དེའི་སྐབས་སུ་འབྲུག་ཆུའི་འདམ་ཟགས་འདྲེས་མའི་ཆུ་ལོག་གི་གནོད་འཚེ་དང་ཡུལ་ཤུལ་ས་འགུལ་བྱུང་བའི་དབང་གིས་ཚོགས་འདུ་ཐེངས་གཉིས་ནར་འགྱངས་བྱས། རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ཚོགས་འདུས་ཀྲུང་གོའི་བོད་ཡིག་སྨྱན་བྱད་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་དུ་གཏོང་བའི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད་པ་མ་ཟད། བོད་ཡིག་སྨྱན་བྱད་ཀྱི་འཕེལ་ རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། བོད་ཁུལ་གྱི་ཡུན་སྐྱོང་བདེ་འགོད་བཅས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་བཏོན།
ཚོགས་ཡུན་ཉིན་གསུམ་རིང་གི་མཐུན་སྦྱོར་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་ཀྱི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དང་ཕུལ་བྱུང་དཔྱད་རྩོམ་ལ་དཔྱད་འདེམ་བྱས་ཤིང་། བོད་ཡིག་སྨྱན་བྱད་ཀྱི་བརྡ་ཆད་གསར་བ་གཏན་འབེབས་བྱས་པ་དང་། ཆེད་མཁས་པ་གདན་ཞུ་བྱས་ཏེ་སྨྱན་བྱད་གསར་བའི་འཕེལ་རྒྱས་སྐོར་གྱི་ཆེད་དོན་འཆད་ཁྲིད་བྱས། ཐེངས་འདིའི་གྲོས་ཚོགས་ལ་བསྡོམས་པས་བརྩམས་ཆོས་སུམ་བརྒྱ་དང་བཅུ་འབྱོར་བ་དང་། དཔྱད་འདེམ་ཚན་ཁག་གིས་ནན་ཏན་དང་གཟབ་ནན་སྒོས་དཔྱད་འདེམ་བྱས་པ་བརྒྱུད། ཕུལ་བྱུང་བརྩམས་ཆོས་ཉིས་བརྒྱ་དང་ཉེར་གཉིས་ལ་བྱ་དགའ་ཐོབ། དེའི་ནང་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་འཕྲིན་ཐུང་དང་ཆེད་སྒྲིག དཔྱད་རྩོམ་བཅས་ལ་བྱ་དགའ་ཨང་དང་པོ་གཉིས་དང་བྱ་དགའ་ཨང་གཉིས་པ་གཉིས་ཐོབ།
གྲོས་ཚོགས་ཀྱི་སྐབས་སུ་ད་དུང་རྒྱལ་ཡོངས་བོད་ཡིག་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་ཤིང་། འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ་བཅར་འདྲི་བྱས་པ་དང་ཁྲིན་ཏུའུ་གྲོང་ཁྱེར་ཉེ་འདབས་ཀྱི་བོད་རིག་གནས་ཐོན་ལས་ཀྱི་རྟེན་གཞི་ལ་ལྟ་ཞིབ་བྱས།