དབུལ་ཕོངས་དབང་བོ་སྐྱོན་ཅན་དག་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་རང་བྱུང་གནོད་འཚེའི་དབང་གིས་དབུལ་བོར་འགྱུར་བའི་གནད་དོན་ཐག་གཅོད་བྱེད་ཆེད། ད་ལོའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་བ་དང་གཞི་རིམ་དུ་སོང་སྟེ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། གནས་སྐབས་རོགས་སྐྱོར་གྱི་ཡིག་ཐོག་སྙན་ཞུ་བྱས་པའི་དབང་བོ་སྐྱོན་ཅན་འགའི་ཁྱིམ་དུ་སོང་ནས་ཁོ་ཚོར་མཚམས་འདྲི་བྱས་པར་མ་ཟད། ན་གོར་མོ་གྲོང་ཁྱེར་གྱི་དབང་བོ་སྐྱོན་ཅན་གྱི་གནས་སྐབས་རོགས་སྐྱོར་ལག་བསྟར་བྱེད་ཐབས་གཞིར་བཟུང་ནས་ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་རེ་གསུམ་ལ་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བཞི་སྟོང་གཅིག་བྱིན།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ན་གོར་མོ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧུར་ཐག་གིས་དམངས་སྲིད་དང་བཟོ་ཚོགས། ལས་ཞུགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་གནས་སྐབས་རོགས་སྐྱོར་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། ནད་རིགས་ཚབས་ཆེན་བྱུང་བ་དང་རང་བྱུང་གནོད་འཚེ་སོགས་ཐོལ་བྱུང་རང་བཞིན་གྱི་དོན་རྐྱེན་གྱིས་འཚོ་བར་དཀའ་ཁག་བྱུང་ཡོད་པའི་དབང་བོ་སྐྱོན་ཅན་དག་ལ་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་རོགས་སྐྱོར་བྱས་པའི་རྨང་གཞིའི་སྟེང་། ན་གོར་མོ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་མི་སྒེར་གྱི་འགྲོ་སོང་ལ་གཞིགས་ནས་དམིགས་བསལ་རོགས་སྐྱོར་བྱས།
གནས་སྐབས་རོགས་སྐྱོར་བྱ་བ་སྤེལ་བ་བརྒྱུད་ནས། བྲེལ་མྱུར་རོགས་སྐྱོར་མཁོ་བའི་དབང་བོ་སྐྱོན་གྱི་དཀའ་ཁག་ཐག་གཅོད་བྱས་པ་དང་། དབང་བོ་སྐྱོན་ཅན་དག་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་རང་བྱུང་གནོད་འཚེའི་དབང་གིས་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པར་བྱེད་ནུས་མི་དམན་པ་ཐོབ་ལ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབང་བོ་སྐྱོན་ཅན་དག་མགྱོགས་མྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་འགན་སྲུང་བྱས།