མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡར་ག་གྲོང་རྡལ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་ཡོངས་སུ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས།
2017.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

       ཟླ9བའི་ཚེས་14ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡར་ག་གྲོང་རྡལ་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆེས་མཇུག་མཐའི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་དང་། མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི་གསེག་འཐེན་ཟམ་ཆེན་དེ་ཡོངས་སུ་འཛུགས་སྐྲུན་ལེགས་གྲུབ་བྱུང་བས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་དང་། ད་ལྟ་ཟི་ལིང་ནས་ཐུན་རིན་བར་གྱི་རླངས་འཁོར་གཏོང་བའི་དུས་ཚོད་དེ་སྔོན་གྱི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུ་ནས་དུས་ཚོད་གཉིས་ཡས་མས་སུ་ཇེ་ཐུང་ལ་སོང་།
       མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྤྱིའི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་བཞི་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་བ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་རེ་གཉིས་དང་གྲངས་ཆུང་བརྒྱད་ཡོད་པའི་ཡར་ག་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་དེ་2016ལོའི་ཟླ6པའི་ཚེས་30ཉིན་ཕལ་ཆེར་རླངས་འཁོར་ཤར་གཏོང་བྱས་ལ། པེ་ཅིན་ནས་བོད་ལྗོངས་བར་དང་ཅང་སུའུ་ལེན་ཡོན་ཀང་ནས་ཞིན་ཅང་ཧོར་ཀའོ་སི་བར་གྱི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དང་འབྲེལ་ཡོད་པ་མ་ཟད། མཚོ་ཤར་གྲོང་ཁྱེར་ནས་རྨ་ལྷོ་ཁུལ་བར་གྱི་གྲོང་རྡལ་བདུན་དང་ཞང་གཉིས་སྡེ་བ་སོ་བདུན་བརྒྱུད་དགོས་པས། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་ཁྲིན་ཡུས་བཅས་དཔལ་འབྱོར་ཁུལ་བར་གྱི་བརྗེ་རེས་དང་འབྲེལ་བར་ཤུགས་སྣོན་དང་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།