མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོབས་ཤུགས་ཡོད་དགུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།
2017.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྱུར་བ་བཞིར་བརྟེན་ནས་ཏན་ཏན་ཏིག་ཏིག་བཞི་དོན་འཁྱོལ་བྱེད་པའི་བླང་བྱ་གལ་ཆེན་གཞིར་བཟུང་ནས། རྒྱུན་ཆད་མེད་པར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལས་གཞིའི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་བ་དང་། བསྡོམས་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་ཉིས་བརྒྱ་སོ་བརྒྱད་ལག་བསྟར་བྱས་པ་དང་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་ས་ཡ་གཅིག་གཏོང་བ་ཡོངས་འགྲུབ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིར་གྲུབ་འབྲས་མངོན་གསལ་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་གྱིས་རྩྭ་ར་སྟོང་རྨིད་གྲུ་བཞི་མ་སྟོང་ལྔ་བརྒྱ་དང་དོན་གསུམ་གྱི་སྟེང་ཕྱུགས་འཚོ་བ་གཏན་འགོག་བྱས་ཡོད་པ་དང་། རྒྱུན་ཆད་མེད་པར་ཨ་བྲའི་གནོད་པ་འགོག་བཅོས་བྱེད་པ་དང་ས་ནག་ཐང་བཅོས་སྐྱོང་བྱེད་པ། རི་བཀག་ནགས་གསོ་སོགས་ལས་གཞིར་སྐུལ་འདེད་བཏང་། མིག་སྔར། རྩྭ་ས་ཞན་འགྱུར་གྱི་རྣམ་པ་མངོན་གསལ་གྱིས་བཀག་འགོག་བྱས་ཡོད་པ་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད།
ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་ཐོན་ལས་སྒྲིག་གཞི་ཚུལ་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་བཏང་བར་མ་ཟད་སྐྱེ་ཁམས་དཔལ་ཡོན་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་གོ་རིམ་སོ་སོའི་ཁྲོད་འདྲེས་པར་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཉིས་དམ་འཛིན་བྱས་ཏེ་ཤུགས་ཆེན་པོས་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། རིག་གནས་ཡུལ་སྐོར་དང་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་སུ་བཏང་།

དེ་དང་མཉམ་དུ། ཐོན་ལས་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས་བྱེད་པ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཆེན་པོས་སྐྱེ་ཁམས་གནས་སྤོར་བཟོ་སྐྲུན་ལག་བསྟར་བྱས་པ་དང་མཁར་གྲོང་གི་གནས་སྤོར་སྡོད་དམངས་ལ་སྡོད་ཁུལ་ཉེར་གཅིག་གསར་འཛུགས་བྱས་ལ། ཆུ་གློག་ལམ་གསུམ་དང་རྒྱང་སྒྲོག་བརྙན་འཕྲིན། སློབ་གསོ། འཕྲོད་བསྟེན་སོགས་སྤྱི་བའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བར་མ་ཟད། རྗེས་མཐུན་ཐོན་ལས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཧུར་ཐག་གིས་འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་དྲུག་ཉིས་བརྒྱ་གྱ་བརྒྱད་ལ་གསོ་སྦྱོང་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་མངོན་འགྱུར་བྱས་པ་དང་ཐོན་སྐྱེད་འཚོ་བ་འཁོར་སྐྱོད་བཟང་བོ་བྱེད་པ་མངོན་འགྱུར་བྱས།