མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་རྩ་འཛུགས་བྱས་ཏེ་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུ་སྐབས་བཅོ་ལྔ་བར་ཞུགས་རྒྱུ་རེད།
2017.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་དང་སྤྱི་བསྡོམས་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་ཆེད། ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུ་སྐབས་བཅོ་ལྔ་བ་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར་པེ་ཅིན་རྒྱལ་ཡོངས་ཞིང་ལས་འགྲེམ་སྟོན་ཁང་ནས་གཟབ་རྒྱས་ངང་བསྡུ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་སྐབས་འདིའི་བརྗེ་རེས་ལ་ཞུགས་པའི་ཞིང་ཆེན་གཙོ་བོ་ཡིན་པའི་ཆ་ནས། མིག་སྔར་གྲ་སྒྲིག་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད།

ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུ་ནི་རང་རྒྱལ་གྱི་ཞིང་ལས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་བའི་མིང་རྟགས་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་ཞིང་ལས་ཐོན་རྫས་ཉོ་ཚོང་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་བ། རྒྱལ་སྤྱིའི་ཞིང་ལས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་ཕྱོགས་ལ་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱེད་བཞིན་ཡོད། སྐབས་འདིའི་ཞིང་ལས་ཐོན་རྫས་བརྗེ་རེས་ཚོགས་འདུས་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་བརྗེ་རེས་དང་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགྲེམ་སྟོན་དམིགས་ཡུལ་དང་། སྤུས་ལེགས་དང་སྒོ་འབྱེད། དངོས་དོན་གཉེར་བ་བཅས་ཀྱི་རྩ་དོན་གཞིར་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་ཐོག་མར་འཛིན་པ། ཐོན་ལས་རིམ་སྤོར་བྱེད་པ་སོགས་བརྫོད་གཞིར་བྱས་ཏེ་གཅིག་བསྡུས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་གསར་བ་དང་གསར་གཏོད་དང་མཐུན་སྦྱོར། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལྔ་ལག་བསྟར་བྱས་པ། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ། ཞིང་ལས་ཐོན་ལས་ཀྱིས་གནད་ཕིགས་དབུལ་སྐྱོར་ལམ་བུ་འཚོལ་ཞིབ་བྱས་པའི་ཉམས་མྱོང་གསར་བ་དང་རྣམ་པ་གསར་བ་འགྲེམ་སྟོན་དང་དྲིལ་སྒྲོག་བྱས་ཏེ་ཞིང་ལས་བརྗེ་རེས་མཉམ་ལས་དང་ཉོ་ཚོང་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་འགྲེམ་སྟོན་ཁུལ་དང་ཆེད་ལས་འགྲེམ་སྟོན་ཁུལ་གཉིས་ཀྱི་འགྲེམ་སྟོན་ལ་ཞུགས་རྒྱུ་ཡིན་པ་དང་། བསྡོམས་པས་ཞིང་ཕྱུགས་ལས་དང་ཁེ་ལས། ཆེད་ལས་མཉམ་ལས་ཁང་ང་ལྔ་རྩ་འཛུགས་བྱས་ཏེ་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་ནོར་ཤ་དང་ལུག་ཤ། དབྱར་རྩྭ་དགུན་འབུ་སོགས་རིགས་ཆེན་པོ་བདུན་གྱི་སྤུས་ལེགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བརྒྱ་ལྷག་འགྲེམ་སྟོན་བྱེད་རྒྱུ་རེད། སྐབས་འདིའི་བརྗེ་རེས་ཚོགས་འདུར་ཞུགས་པའི་མི་སྣ་ལ་ཞིང་ཆེན་རིམ་པའི་འགྲེམ་སྟོན་ཚན་ཁག་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུའུ་བཅས་ཀྱི་ལྟ་སྦྱོང་ཚན་ཁག ཁེ་ལས་ཀྱི་འཐུས་ཚབ་པ་སོགས་མི་བརྒྱ་ལྷག་ཡོད།