ཟླ9བའི་ཚེས་14ཉིན་ནས་ཚེས་15ཉིན་བར། དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ན་གོར་མོ་གྲོང་ཁྱེར་སྲིད་གཞུང་། མཚོ་སྔོན་ལྟ་སྐུལ་ཅུའུ། མཚོ་སྔོན་གནམ་གྲུ་ཀུང་ཟི་དང་ཇུས་འགོད། ལྟ་སྐུལ་དོ་དམ། ཨར་ལས་ལས་ཁུངས་བཅས་རྩ་འཛུགས་བྱས་ཏེ་མཚོ་སྔོན་ན་གོར་མོ་གནམ་གྲུ་ཐང་གི་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་སྐྲུན་ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་། ཞིབ་བཤེར་རྩིས་ལེན་ཨུ་ཡོན་ལྷན་ཁང་དང་ཆེད་ལས་ཚན་ཆུང་ལྔ་ཡིས་ཡུལ་དངོས་ནས་ཞིབ་བཤེར་རྩིས་ལེན་དང་གྲོས་བསྡུར་ཞིབ་འཇུག་བྱས་པ་བརྒྱུད། ན་གོར་མོའི་གནམ་གྲུ་ཐང་གི་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་སྐྲུན་དེ་ཐོག་མའི་ཇུས་འགོད་ནང་དོན་དང་མཐུན་ལ། རྒྱལ་ཁབ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་དང་མཐུན་པར་འདོད་པས་ལས་རིགས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་འཐད་པ་བྱུང་།
ན་གོར་མོའི་གནམ་གྲུ་ཐང་ནི་1966ལོར་བཙུགས་ཤིང་། 1971ལོར་ལས་སྐྲུན་ལེགས་གྲུབ་བྱུང་ནས་བེད་སྤྱོད་བྱས་ལ། 2002ལོར་ཐེངས་དང་པོར་རྒྱ་བསྐྱེད་འཛུགས་སྐྲུན་བྱས། ཉེ་བའི་ལོ་འདི་དག་གི་རིང་ལ། ན་གོར་མོའི་གནམ་གྲུ་ཐང་གི་གཙོ་ལས་འཕེལ་རྒྱས་མགྱོགས་ཤིང་། སྔོན་གྱི་སྒྲིག་ཆས་ཀྱིས་ན་གོར་མོའི་གནམ་གྲུ་ཐང་གི་མགྱོགས་མྱུར་འཕེལ་རྒྱས་ཀྱི་ཁ་བསྐང་མི་ཐུབ་པས། རྒྱ་བསྐྱེད་འཛུགས་སྐྲུན་ལག་བསྟར་བྱེད་པར་དགོས་ངེས་ཧ་ཅང་ཆེ། ན་གོར་མོའི་གནམ་གྲུ་ཐང་གི་རྒྱ་བསྐྱེད་འཛུགས་སྐྲུན་བཟོ་སྐྲུན་ནི་དམངས་སྤྱོད་མཁའ་འགྲུལ་ཅུའུ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་པས། བཟོ་སྐྲུན་དེ་2016ལོའི་ཟླ5བར་འཛུགས་སྐྲུན་བྱེད་མགོ་བརྩམ་པ་དང་། རྨིད་གྲུ་བཞི་མ་ཁྲི་གཅིག་དང་ཉིས་བརྒྱ་གསུམ་གྱི་གནམ་ཐང་འབབ་ཚིགས་དང་ལས་བཟོ་བའི་མལ་ཁང་། མཁའ་འགྲུལ་དོ་དམ་ཐོག་ཁང་། ལྕོག་རིང་སྟེགས་བུ་སོགས་གསར་འཛུགས་བྱས་པ་དང་། བཟོ་སྐྲུན་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་གཅིག་བཏང་།
ན་གོར་མོའི་གནམ་གྲུ་ཐང་གི་རྒྱ་བསྐྱེད་འཛུགས་སྐྲུན་ལ་བདེ་བླང་ངང་ལས་རིགས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དེས་ན་གོར་མོའི་གནམ་གྲུ་ཐང་ལ་གནམ་གྲུ་ཐང་སྒྱུར་ནས་འཁོར་སྐྱོད་བྱེད་པའི་ཆ་རྐྱེན་ལྡན་ཞིང་། གནམ་གྲུ་ཐང་འབབ་ཚིགས་གསར་བ་མི་འགྱང་བར་བེད་སྤྱོད་བྱེད་རྒྱུ་ཡིན་པ་མཚོན་ཡོད།