རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་བཀོད་པའི་གནས་ཚུལ།
ཚོགས་རའི་ཟུར་ངོས་ཤིག
ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།
མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ལྟེ་གནས་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དྲན་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དུ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་དཔེ་མཛོད་ཁང་གི་རིག་གཞུང་སྙན་ཞུ་ཁང་ནས་བསྡུས་ཤིང་། ཚོགས་ཐོག་ཏུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲོའོ་ཧེ་ཞིན་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ་སོགས་ཞུགས་པར་མ་ཟད། མཐར་ཕྱིན་ཞིབ་འཇུག་སློབ་མ་ཡོངས་དང་སློབ་གྲྭའི་དགེ་སློབ་བཅས་ཚང་མ་མཉམ་གཅིག་ཏུ་འཛོམས་ནས་དྲན་གསོའི་རིག་གཞུང་ཞིབ་འཇུག་གཟབ་རྒྱས་ཤིག་བསྡུས།
མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ནི་མཚོ་སྔོན་དང་ཁྱད་དོན་བོད་ཁུལ་ལ་མཚོན་ནས་བཤད་ན་ཆེས་གླེང་རིན་ཡོད་པ་དང་ཆེས་གདེང་འཇོག་བྱེད་རིན་ཡོད་པའི་སློབ་གྲྭ་གལ་ཆེན་ཞིག་ཡིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ནན་ཏན་སྒོས་ཏང་གི་སློབ་གསོའི་བྱེད་ཕྱོགས་དང་མི་རིགས་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱེད་པ། ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་རང་རྒྱུད་ལ་ཉར་བ། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་ལེགས་སྒྱུར་འཕེལ་རྒྱས་འཆར་འགོད་རྩ་གནད་ཅེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྱོགས་མྱུར་སྒོས་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཐག་བཅད་ཅེས་པ་གཉིས་ལག་བསྟར་དངོས་འབེབས་བྱེད་པ། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་བཅས་མཛུབ་སྟོན་བསམ་བློར་བཟུང་ནས། མཚོ་སྔོན་དང་བོད་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་འགྲོ་བར་ཕན་པའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པར་མ་ཟད། ཁྱད་པར་དུ་བོད་ཁུལ་གྱི་མི་རིགས་སྐད་ཡིག་སློབ་གསོའི་ལས་དོན་གོང་འཕེལ་གཏོང་བའི་ཐད་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་བྱེད་ནུས་མི་དམན་པ་བཏོན་ཡོད།
ཐེངས་འདིའི་དྲན་གསོའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་དུ་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན། ཞིབ་འཇུག་སློབ་མའི་འཐུས་ཚབ་པ་བཅས་ཀྱིས་གཏམ་བཤད་བྱས་པར་མ་ཟད། གདན་དྲངས་པའི་ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་རིང་བླངས་པའི་གྲུབ་འབྲས་ལ་དཔྱད་འཇོག་ཡང་དག་བྱས་པ་དང་། མ་འོངས་པའི་འཕེལ་རྒྱས་ལམ་ཕྱོགས་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས། དེ་མིན་ད་དུང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་དགོས་མཁོར་འཚམ་ཞིང་། སྤུས་གཙང་ཤེས་འཇོན་གྱིས་ཕྱུག་པའི་ཞིབ་འཇུག་སློབ་མ་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ། བོད་ཁུལ་གྱི་སློབ་གསོ་དང་རིག་གནས་གོང་འཕེལ་ལ་ཞབས་འདེགས་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་ཅིང་། ཀྲུང་གོའི་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ། བོད་རྒྱ་སྐད་གཉིས་ཀྱི་སྤྱི་ཚོགས་ཚན་རིག་གི་སློབ་གསོ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་ཉན་ཐུབ་པའི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་རྒྱུར་འབད་འབུངས་ཧུར་བསྐྱེད་བྱེད་རྒྱུའི་སྐོར་ནས་ཀྱང་བགྲོ་གླེང་འཁྲུག་ཆ་དོད་པོ་བྱས།