ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཁྲི་འདུ་རྫོང་གིས་རྨོ་ཞིང་མཉམ་བསྲེས་དང་བེད་མེད་དུ་བཞག་པའི་ས་ཞིང་གསར་སྦོལ་བྱས་ནས། ནས་སྤྱི་ཆིང་སྟོང་གཅིག་དང་བཞི་བརྒྱ་རེ་དྲུག་ལྷག་དང་། ཡུག་པོ་སྤྱི་ཆིང་དྲུག་བརྒྱ་དང་གོ་གཅིག་ལྷག ལོག་དཀར་སྤྱི་ཆིང་ཞེ་གསུམ་ལྷག་བཅས་བཏབས་པ་དང་། དབྱར་ཁའི་དུས་སུ་ཆར་ཆུ་མོད་པ་དང་། རང་བྱུང་གནོད་འཚེ་ཆེན་པོ་མ་བྱུང་བའི་དབང་གིས་ཞིང་ལས་ཐོན་ལེགས་བྱུང་།
ཁྲི་འདུ་རྫོང་དེ་རོང་མ་འབྲོག་གི་ས་ཁུལ་དུ་གཏོགས་ལ། རྫོང་དེས་ཕྱུགས་ལས་ལ་བརྟེན་ནས་ཞིང་ལས་ལ་སྣེ་ཁྲིད་བྱེད་པ་དང་། ཞིང་ལས་ལ་བརྟེན་ནས་ཕྱུགས་ལས་ལ་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་ལ་བརྟེན་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་། ད་ལོའི་ལོ་སྟོད་དུ། ཁྲི་འདུ་རྫོང་གིས་ཞིང་ལས་རོགས་སྐྱོར་མ་དངུལ་ཁྲོད་ནས་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་དགུ་བཏང་ནས། སོལ་རྒྱུན་བཟང་བའི་ནས་ནག་དང་ནས་དཀར་ས་བོན་ནང་འདྲེན་བྱས་ནས། ནས་སྤྱི་ཆིང་སྟོང་གཅིག་དང་བཞི་བརྒྱ་རེ་དྲུག་ལྷག་བཏབས་པ་དང་། དེའི་ཁྲོད་ནས་ནག་སྤྱི་ཆིང་བརྒྱ་དང་སོ་གསུམ་བཏབས་ལ། སྤྱིའི་ཐོན་ཚད་ཏུན་སྟོང་ལྔ་དང་ལྔ་བརྒྱར་བསླེབས་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་ཏུན་སྟོང་གཉིས་ཀྱིས་ཇེ་མང་དུ་སོང་ཡོད། སང་ལོར། སྤུས་ལེགས་སོན་བཟང་དེ་དག་གི་ས་བོན་ཐད་ནས་རང་ཁ་རང་གསོ་བྱེད་ཐུབ་པ་མ་ཟད། ད་དུང་ས་བོན་གཞན་པར་བརྗེས་ནས། ཞིང་ལས་ཞང་དང་གྲོང་རྡལ་ཚང་མས་བོད་ལྗོངས་ནས་ནག་འདེབས་ཐུབ་རྒྱུ་རེད།