མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་ཇུས་གཞི་རྒྱུན་འཁྱོངས་དང་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་རོང་འབྲོག་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱིས་ནད་སྟོན་ཐུབ་པ་སོགས་ཀྱི་རེ་བ་གཞིར་བཟུང་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་དང་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་། གནད་ཕིགས་ཤུགས་འདོན་བཅས་བྱས་ཏེ་ནུས་ཡོད་སྒོས་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་ཐག་གཅོད་བྱས་པ་དང་ནུས་ཡོད་སྒོས་རྫོང་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།
གནད་ཕིགས་ངོས་འཛིན་ཕྱོགས་ནས། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་དབུལ་སྐྱོར་ཆེད་ལས་མི་སྣ་དང་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ། སྡེ་བའི་འཆར་ལྡན་བུ་སྐྱེ་ཁང་གི་ཆེད་ལས་མི་སྣ། སྡེ་བའི་སྨན་པ་སོགས་རྩ་འཛུགས་བྱས་ཏེ་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་མི་གྲངས་ཀྱི་ཞིབ་བཤེར་བྱ་བ་སྤེལ་བ་དང་། ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མང་ཚོགས་སྟོང་བཞི་དང་བདུན་བརྒྱ་ང་དྲུག་ལ་ལྗང་མདོག་སྨན་བཅོས་བྱང་བུ་བྱིན་ཏེ་ཁོ་ཚོས་ནད་སྟོན་པར་སྟབས་བདེ་བསྐྲུནཔ་དང་སྔོན་ལ་སྨན་བཅོས་བྱས་ཏེ་རྗེས་ནས་སྨན་རིན་སྤྲོད་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས།
གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པའི་ཕྱོགས་ནས། རྫོང་རིམ་པའི་སྨན་བཅོས་སྡེ་ཁག་གིས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་འགན་གཙང་ལེན་བྱེད་པ་དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་སྡེ་བར་འགན་གཙང་ལེན་བྱེད་པ། སྡེ་བའི་སྨན་པ་དག་གིས་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་པའི་བདེ་ཐང་དབུལ་སྐྱོར་ཀྱི་རིམ་པ་གསུམ་གྱི་འགན་གཙང་ལེན་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་སྨན་པ་དག་གི་ལས་འགན་གཏན་ཁེལ་གསལ་བོ་བྱས་པ་དང་ཁ་གཏད་རོགས་སྐྱོར་བྱེད་པ་མངོན་འགྱུར་བྱས། དེ་དང་མཉམ་དུ། རྫོང་དང་ཞང་། སྡེ་བ་བཅས་ཀྱི་སྨན་བཅོས་མི་སྣས་གྲུབ་པའི་སྨན་བཅོས་དཔུང་སྡེ་རྩ་འཛུགས་བྱས་ནས་ཟླ་རེར་ཁ་གཏད་རོགས་སྐྱོར་སྡེ་བར་སོང་ནས་དབུལ་ཕོངས་མང་ཚོགས་དག་ལ་སྨན་བཅོས་བྱེད་པ་དང་རིགས་བགར་ཏེ་སྨན་བཅོས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། མིག་སྔའི་བར་བསྡོམས་པས་སྨན་བཅོས་དཔུང་སྡེ་བརྒྱད་རྩ་འཛུགས་བྱས་ཏེ་སྡེ་བའི་ནང་སོང་ནས་སྨན་བཅོས་རོགས་སྐྱོར་བྱ་བ་སྤེལ།
གནད་ཕིགས་རོགས་སྐྱོར་ཕྱོགས་ནས། ཧྲན་ཏུང་ཞིང་ཆེན་པིན་ཀྲིག་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་སོགས་ཁ་གཏད་རོགས་སྐྱོར་སྨན་ཁང་དང་མཉམ་དུ་རོགས་སྐྱོར་འགན་འཁྲིའི་ཡི་གེ་བཀོད་པ་དང་དུས་ངེས་མེད་དུ་སྨན་བཅོས་ཆེད་མཁས་པ་མངགས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཡུལ་ལ་སྨན་བཅོས་རོགས་སྐྱོར་བྱེད་བཞིན་ཡོད། ཆི་ལེན་རྫོང་གིས་རྫོང་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་ཁྲོད་མི་རེར་སྒོར་བརྒྱ་དང་བདུན་ཅུའི་ཚད་གཞི་ལྟར་ཀྲུང་གོ་མི་དམངས་རྒྱུ་ནོར་འགན་ལེན་མ་རྐང་ཚད་ཡོད་ཀུང་ཟི་ཆི་ལེན་ཡན་ལག་ཀུང་ཟི་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་དབུལ་ཕོངས་མང་ཚོགས་དག་སྨན་ཁང་དུ་ཞག་སྡོད་བྱས་ཏེ་སྨན་བཅོས་བྱེད་པར་ཁ་གསབ་འགན་ལེན་བྱེད་པའི་གྲོས་མཐུན་བཀོད་དེ་རྫོང་ཡོངས་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་གྲངས་སྟོང་བཞི་དང་བདུན་བརྒྱ་ང་དྲུག་ལ་སྒོར་འབུམ་བརྒྱད་ལྷག་གིས་འགན་སྲུང་ཉོས་པ་དང་དབུལ་ཕོངས་མང་ཚོགས་ཀྱི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་།