ཉེ་བའི་ལོ་འགའི་རིང་ལ། བིས་མདོ་ཞང་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་རྫོང་རིམ་པའི་ལས་རིགས་དང་ལས་ཁུངས་སོ་སོའི་འཛུབ་སྟོན་དང་རྒྱབ་སྐྱོར་འོག ནན་ཏན་སྒོས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་དང་། ཞིང་ཆེན་ཀྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་རེ་རེ། གྲོང་ཁྱེར་ཏང་ཨུའི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་རེ་རེ། རྫོང་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་རེ་རེའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གསར་གཏོད་དང་ལྷད་མེད། མཐུན་སྦྱོར། མཉམ་སྤྱོད། སྒོ་འབྱེད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དམ་དུ་བཟུང་ནས། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་དང་གནད་ཕིགས་དབུལ་སྐྱོར་མཁྲེགས་གཏོར། སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་དང་། དམངས་ཕན་གྱི་སྲིད་ཇུས་ལག་བསྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བ་གཙོ་གནད་དུ་བཟུང་ནས་རྡོག་རྩ་གཅིག་སྒྲིལ་སྒོས་དངོས་འབེབས་དོན་འཁྱོལ་བྱས་པས། བིས་མདོ་ཞང་གི་སྤྱི་ཚོགས་དང་དཔལ་འབྱོར་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། གྲུབ་འབྲས་བཟང་བོ་འདི་ལྟ་བུ་ཞིག་བྱུང་བ་ནི་ལས་སླ་བོ་ཞིག་མིན་པས། ང་ཚོའི་འགན་ཁུར་ཆེ་ལ་ལམ་ཐག་ཀྱང་དེ་བས་རིང་། ད་ལོར་བུས་མདོ་ཞང་ཏང་སྲིད་མགོ་ཁྲིད་ཚན་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་དང་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱས་པའི་འབྲས་བུ་ཡོངས་སུ་སྨིན་ཏེ། དཀའ་སྡུག་ལ་མི་སྐྲག་ཅིང་མཐུན་སྒྲིལ་སྲུང་བ། ཞབས་ཞུ་ལ་མོས་ཤིང་སྒྲིག་ལམ་དམ་སྲུང་བྱེད་པའི་བིས་མདོའི་སྙིང་སྟོབས་བཟོ་བཞེངས་བྱས་ཡོད། བིས་མདོའི་སྙིང་སྟོབས་ནི་ཞང་ཡོངས་ཀྱི་རིམ་པ་སོ་སོའི་ལས་བྱེད་མི་སྣ་དང་ཏང་ཡོན་མི་སྣ་ཡུན་རིང་དུ་མཐོ་སྒང་ནས་འཚོ་གཞེས་བྱས་ཏེ་རང་ཉིད་ཀྱི་ལང་ཚོ་བློས་བཏང་བ་དང་བྱ་བ་ནན་གྱིས་བསྒྲུབས་པའི་སྙིང་སྟོབས་ཚུར་སྣང་བྱས་པར་མ་ཟད། བིས་མདོ་མི་སྣའི་འཚོལ་སྙེག་བྱེད་པའི་ཕུགས་འདུན་དང་ཡིད་ཆེས་ཀྱང་ཡིན། དུས་རབས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ་དཔལ་འབྱོར་ཡང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ནའང་། བིས་མདོའི་རིམ་པ་སོ་སོའི་ཏང་ཡོན་དང་ལས་བྱེད་མི་སྣས་རང་འགུལ་གྱིས་འགན་ལེན་དང་རང་རྟོགས་སྒོས་དྲིལ་བསྒྲགས། ནུས་ཤུགས་གང་ཡོད་ཀྱིས་བིས་མདོའི་སྙིང་སྟོབས་འདོན་སྤེལ་བྱས་ཏེ། ཕུལ་ཏུ་བྱུང་བའི་ཞང་དང་གྲོང་རྡལ་སྐྲུན་པར་ནུས་ཤུགས་གང་ཡོད་བཏོན།
ལོ་ལྔའི་ཡར་སྔོན་དུ། རི་མ་ས་ཁུལ་དུ་གནས་པའི་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་བིས་མདོ་ཞང་ལྷ་སྡེ་སྡེ་བ་ནི་ཉམས་ཆག་པའི་རྣམ་པ་ཞིག་ཏུ་སྣང་སྟེ། གནམ་ངོ་དྭངས་དུས་རྡུལ་གྱིས་ཁེངས་ཤིང་གནམ་ངོ་རུབ་དུས་འདམ་གྱིས་ཁེངས་ཡོད། ཁང་མིག་འགའ་ཡོད་པ་དེ་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཡིན་ལ། སྡེ་བའི་ནང་གི་ཏང་རྩ་འཛུགས་འཐུས་ཚང་མིན་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་མིན་པ། ཏང་ཡོན་རྣམས་ཀྱང་སྡེ་མི་དཀྱིལ་མ་དང་འདྲ་བར་རང་རང་གི་ལས་ཀ་ཙག་ཙིག་ལ་བྲེལ་བ་ལས། དབུལ་ཐར་ཕྱུག་འགྱུར་དང་ཐོན་ལས་འཕེལ་རྒྱས་ཀྱི་བསམ་བློ་ནི་ཡེ་ནས་མེད།
ཉེ་ལམ་གྱི་ལྷ་སྡེ་སྡེ་བ་ནི་ཨར་འདམ་གྱི་ལམ་བདེ་ཞིང་གཙང་ལ་སྡེ་བའི་ནང་དུ་ཁོད་ཡངས་ཤིང་གསལ་དག་ཅན་གྱི་ཏང་ཡོན་བྱ་འགུལ་ཁང་ཡོད། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཏན་འཁེལ་གྱི་ཏང་གི་ཉིན་མོ་ལ་ཏང་ཡོན་མི་སྣ་འཛུགས་བྱས་ཏེ་སློབ་སྦྱོང་དང་། བློ་མཐུན་རྡོ་བྷའི་སྣེ་ཁྲིད་འོག་ཏུ་གནད་ཕིགས་དབུལ་སྐྱོར་གྱི་བྱ་བ་དང་འབྲེལ་ཡོད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་པ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་དང་ཁྲིད་སྟོན་བྱས་པ་བརྒྱུད་ནས་བིས་མདོ་ཞང་གི་ཏང་ཡོན་མི་སྣའི་བསམ་བློའི་གོ་རྟོགས་མངོན་གསལ་དུ་ཇེ་མཐོར་འགྲོ་བཞིན་ཡོད་ལ། ཏང་རྩ་འཛུགས་ཀྱི་གཅིག་སྒྲིལ་སྟོབས་ཤུགས་དང་སྣེ་ཁྲིད་དཔེ་སྟོན་ནུས་ཤུགས་ཀྱང་སྔར་ལས་མངོན་གསལ་དོད་པོར་གྱུར།
ཡིག་སྒྱུར་བ། ཀུན་བཟང་སྒྲོལ་མ།