ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ན་རྒྱུས་ལོན་བྱུང་བ་ལྟར་ན། 2012ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར་རྩྭ་ཐང་གི་སྐྱེ་ཁམས་དོ་སྲུང་བའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་པའི་ཚུན་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་སྲུང་བའི་གྲངས་ཀ་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་ལ་བསླེབས་པ་དང་། གདན་ཞུ་དང་གསོ་སྦྱོང་བརྒྱུད་དེ། ཡོངས་རྫོགས་ལས་གནས་སུ་ཞུགས་ནས་མཉམ་དུ་རབ་མཛེས་རྩྭ་ཐང་ལ་སྲུང་སྐྱོབ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2012ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར་རྩྭ་ཐང་གི་དོ་སྲུང་བའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་མགོ་བརྩམས་པ་དང་། སྐབས་དེར་རྩྭ་ས་སྤྱི་ཆིངས་སྟོང་གསུམ་དང་སུམ་བརྒྱ་རུ་སྐྱེ་ཁམས་དོ་སྲུང་བ་གཅིག་བཀོད་སྒྲིག་བྱེད་པའི་རྩ་དོན་ལྟར། ཞིང་ཆེན་ཡོངས་ནས་བསྡོམས་པས་རྩྭ་ཐང་གི་སྐྱེ་ཁམས་དོ་སྲུང་བ་སྟོང་དགུ་དང་བཞི་བརྒྱ་གྱ་དགུ་གདན་ཞུ་བྱས། 2015ལོར། ཞིང་ཆེན་ཡོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་ས་སྤྱི་ཆིངས་སྟོང་གཉིས་སུ་དོ་སྲུང་བ་གཅིག་བཀོད་སྒྲིག་བྱེད་པར་བསྒྱུར་བ་དང་། ལས་གནས་སྟོང་བཞི་དང་བཞི་བརྒྱ་ཁ་སྣོན་བྱས། 2016ལོར། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཅོས་བསྒྱུར་ཚོད་ལྟ་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་ཁོངས་གཏོགས་ཀྱི་རྫོང་བཞི་རུ་ཡང་བསྐྱར་སྐྱེ་ཁམས་དོ་སྲུང་བ་སྟོང་བརྒྱད་དང་དྲུག་བརྒྱ་ཉེར་གསུམ་ཁ་སྣོན་བྱས། 2017ལོར། ཞིང་ཆེན་ཡོངས་ནས་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་ཁྲི་གཉིས་དང་ཉིས་བརྒྱ་རེ་གཅིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་རྩོལ་ནུས་ཁུལ་གྱི་སྐྱེ་ཁམས་དོ་སྲུང་བར་བསྐོས། མིག་སྔའི་བར་དུ། གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་ཁྲི་གཉིས་དང་ཉིས་བརྒྱ་རེ་གཅིག་གདན་ཞུ་དང་གསོ་སྦྱོང་བརྒྱུད་དེ་ལས་གནས་སུ་ཞུགས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་སྲུང་བ་བསྡོམས་པས་ཁྲི་བཞི་དང་སྟོང་གཉིས་བདུན་བརྒྱ་དོན་བརྒྱད་དུ་བསླེབས།
མིག་སྔར། རྩྭ་ཐང་གི་སྐྱེ་ཁམས་དོ་སྲུང་བ་དེ་དག་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། དེའི་ཁྲོད། མགོ་ལོག་དར་ལག་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་དོ་སྲུང་བ་དེ་དྲ་མིག་ཅན་གྱི་དོ་དམ་མ་ལག་ཏུ་བཅུག་པ་མ་ཟད། རྩྭ་ཐང་གི་སྐྱེ་ཁམས་དོ་སྲུང་བས་དོ་དམ་པའི་འགན་ཁུར་དུ་བཅུག་ནས། ཁོ་ཚོ་འགལ་རྩོད་ཐག་གཅོད་པ་དང་དུས་ལྟར་ཉེན་ཁ་སེལ་བའི་ཤུགས་ཡོད་འདེགས་སྐྱོར་དུ་གྱུར་ཡོད། ཡུའུ་ཧྲུའུ་ཆུ་དམར་ལེབ་རྫོང་གིས་སྐྱེ་ཁམས་དོ་སྲུང་བ་དང་དམངས་དམག་མཉམ་འབྲེལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་དམངས་དམག་འཛུགས་སྐྲུན་གྱི་མ་དཔེ་གསར་བ་འཚོལ་ཞིབ་བྱས་ཏེ། ཐར་ཐོར་ཡོད་པའི་སྐྱེ་ཁམས་དོ་སྲུང་བ་དག་དམངས་དམག་ཚན་ཁག་ཏུ་བཅུག་ནས། རྩ་འཛུགས་རང་བཞིན་གྱི་སྐོར་སྲུང་ནུས་པ་ཞན་པ་དང་ཉིན་རྒྱུན་གྱི་དོ་དམ་སྟོབས་ཤུགས་ཞན་པའི་གནད་དོན་ཐག་བཅད།
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་ཀོང་ཨེ་ཆི་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྩྭ་ཐང་གི་དོ་སྲུང་བས་དོ་དམ་ཁུལ་ནང་གི་རྩྭ་ཐང་གསར་སྦོལ་དང་རི་སྐྱེས་རྩི་ཤིང་བརྐོ་འཐུ། ཁྲིམས་དང་འགལ་ནས་མེ་བཀོལ་སྤྱོད་བྱེད་པ་སོགས་རྩྭ་ཐང་གི་ཁྲིམས་འགལ་གྱོད་གཞི་ལ་ཞིབ་བཤེར་བྱེད་པ་དང་ཞུ་གཏུག་བྱེད་པ། བཀག་འགོག་བྱེད་པ་སོགས་ཀྱི་འགན་ཁུར་ཡོད་པ་དང་། དེ་དང་མཉམ་དུ་རྩྭ་ཐང་གི་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་ཡང་ན་ལྟ་སྐུལ་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་བདེན་དཔང་འཚོལ་བ་དང་། ཁྲིམས་འགལ་གྱོད་གཞི་ལ་བརྟག་བཤེར་བྱེད་པ། དོ་དམ་ཁུལ་ནང་གི་རྩྭ་ཐང་གི་རྨང་གཞིའི་སྒྲིག་ཆས་ལ་ལྟ་སྐུལ་དོ་དམ་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་པ་དང་། ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལག་བསྟར་བ། རྩྭ་ཐང་གི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པའི་དྲིལ་སྒྲོག་པ། རྩྭ་ཐང་གི་སྐྱེ་ཁམས་ལས་གཞིའི་ལྟ་སྐུལ་བ་བཅས་སུ་གྱུར་ཡོད་ཟེར།