ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཆ་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་། ཀྲུང་དབྱང་གི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་དང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་དང་ནོར་སྲིད་དཔྱ་ཁྲལ་སྒྲིག་གཞི། སྲིད་འཛིན་ཁྲིམས་འཛིན། རོང་འབྲོག་ཁུལ། རིག་གནས་གནས་སྐོར་སྒྲིག་གཞི། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི། ཏང་འཛུགས་ཁྱབ་ཁོངས་བཅས་རིགས་སྣ་ཆེན་པོ་བདུན་གྱི་དོན་ཚན་རེ་བདུན་ལ་བཅོས་བསྒྱུར་ཟབ་སྤེལ་བྱས།
དེའི་ཁྲོད་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཤེས་རབ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་དམིགས་ནས། གྲོང་ཁྱེར་དོ་དམ་ཞབས་ཞུ་ཐད་ཀྱི་བཀོད་འདོམས་བཀོད་གཏོང་སྟེགས་བུའི་ཚད་གཞི་དང་ལམ་ལུགས་གཏན་འབེབས་བྱས་པ་དང་། གྲོང་ཁྱེར་དོ་དམ་ཞབས་ཞུའི་བཀོད་འདོམས་བཀོད་གཏོང་སྟེགས་གསར་སྤེལ་བྱས་ལ། གྲོང་ཁྱེར་དོ་དམ་དང་སྤྱི་ཐུན་ཞབས་ཞུ། ཆེད་དོན་དོ་དམ། ཇུས་ཆོད་རྒྱབ་སྐྱོར་སོགས་སྟེགས་བུ་དང་བཀོལ་སྤྱོད་མཉེན་ཆས་བཀོད་སྒྲིག་བྱས། ཁྲི་འདུ་རྫོང་གིས་བཅོས་བསྒྱུར་ལས་འགན་ཉེར་བདུན་གཏན་ཁེལ་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ཚོད་ལྟ་དང་། ཕྱུགས་ཟོག་གཙོར་བྱས་པའི་ཕྱུགས་ལས་ཐོན་སྐྱེད་ཉེན་སྲུང་ལས་གཞི་དང་ཁྱབ་ཁོངས་རྒྱ་བསྐྱེད། ནང་ཆེན་རྫོང་གིས་གནས་གཏན་ཁེལ་མེད་པའི་མི་གྲངས་མང་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ། སྤྱི་ཚོགས་དོ་དམ་བྱེད་ཐབས་ཇེ་ཞིབ་ཏུ་བཏང་བ་དང་། སྡེ་ཁག་དང་ཞང་དང་གྲོང་རྡལ་གྱི་སྤྱི་ཚོགས་དོ་དམ་མཉམ་ལས་དམ་ཟབ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་བསྒྱུར་བཀོད་འཛུགས་སྐྲུན་ཐད་ཀྱི་བྱ་བ་སྣ་ཚོགས་སྦྲེལ་མཐུད་བྱེད་པ་སོགས་ཕྱོགས་ལ་སྐུལ་འདེད་བཏང་བ་དང་། བཅོས་བསྒྱུར་བྱེད་ཐབས་ཇེ་བཟང་དུ་བཏང་། འབྲི་སྟོད་རྫོང་གིས་བཅོས་བསྒྱར་ལས་འགན་སུམ་ཅུ་བཀོད་སྒྲིག་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཇུས་གཞི་ཕྱིར་བཏོན་ལ། བདེ་འཇགས་གྲངས་ཉུང་དངུལ་བུན་ཀུང་ཟི་བཙུགས་ནས། དངུལ་རྩའི་ཚོང་རའི་ཉེན་ཁ་འགོག་སྲུང་མ་ལག་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་། རྫ་སྟོད་རྫོང་གིས་བཅོས་བསྒྱུར་ལས་འགན་གལ་ཆེན་བཅུ་དྲུག་གཏན་ཁེལ་བྱས་པ་དང་། ཆུ་དམར་ལེབ་རྫོང་གིས་བཅོས་བསྒྱུར་ལས་འགན་བཅུ་གསུམ་བཀོད་སྒྲིག་བྱས་ནས། ཧུར་ཐག་གིས་བཅོས་བསྒྱུར་ཟབ་སྤེལ་བྱས།