རྒྱལ་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
2017.09.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱི་འགན་ཁུར་མི་སྣ་སོགས་མི་བརྒྱ་དང་སུམ་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་བྱུང་། ཉིས་སྟོང་བཅུ་དྲུག་ལོར། མཚོ་སྔོན་གྱི་གསར་འགྱུར་དཔེ་སྐྲུན་དང་པར་སྐྲུན། འགྲེམ་སྤེལ་ཞབས་ཞུའི་ལས་གཉེར་ཡོང་འབབ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ལ་སླེབས་པ་དང་། དེ་ལོ་སྔོན་མ་དག་དང་བསྡུར་ན་སྒོར་དུང་ཕྱུར་དྲུག་གིས་ཇེ་མང་དུ་སོང་ཡོད་པ་དང་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་ཅུང་བཟང་བའི་འཕེལ་རྒྱས་རྣམ་པ་སྲུང་འཛིན་བྱས་ཡོད། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་དུ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་གཏོང་བ་དང་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད། སྲོལ་རྒྱུན་དཔེ་སྐྲུན་དང་གསར་དར་དཔེ་སྐྲུན་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཤུགས་རྐྱེན་ནུས་པ་དང་དྲིལ་སྒྲོག་ནུས་པ། འགྲན་རྩོད་ནུས་པ་མཐོ་རུ་གཏོང་ཐུབ།

གསོ་སྦྱོང་འཛིན་གྲྭའི་སྟེང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་རིག་གནས་ལས་དོན་བཅོས་སྒྱུར་གཞུང་སྒྲུབ་ཁང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱི་མགོ་ཁྲིད་དང་ཆེད་ལས་མི་སྣས་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྒྱལ་ཁབ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འཆར་འགོད། རིག་གནས་ཐོན་ལས་ནོར་སྲིད་སྲིད་ཇུས། གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཐོན་ལས་དང་དངུལ་རྩ། ཐེབས་རྩ་སོགས་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་ལ་གཏོང་བའི་ནང་དོན་ཐད་ནས་འགྲེལ་བཤད་བྱས།