སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འགན་འཁྲི་བརྗེ་འདེད་ཀྱི་དཔེ་མཚོན་གྱོད་གཞི6བརྡ་ཁྱབ་བཏང་བ་རེད།
2016ལོའི་ཟླ12པར་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཏུང་ཞ་གྲོང་རྡལ་ཐེན་ཅ་ཀོའུ་གྲོང་ཚོས་བྱེ་རྡོ་གང་བྱུང་དུ་སྔོག་འདོན་བྱས་ནས་རི་དང་ས་ཞིང་ཁག་གཅིག་ལ་གཏོར་སྐྱོན་བཏང་བ་རེད། བྱེ་རྡོ་ར་བའི་བཅོས་སྒྲིག་ལས་དོན་ལག་ལེན་མཐར་ཕྱིན་མ་བྱས་པར་བརྟེན་རྫོང་རྒྱལ་ཁབ་ས་ཁོངས་ཅུའུ་ཀྱི་ཅུའུ་ཀྲང་གཞོན་པ་ཝང་ཧྲེང་པེའོ་དང་ཏུང་ཞ་གྲོང་རྡལ་གྱི་མགོ་གཙོ་གཞོན་པ་བང་ཡུང་ཆོན་ལ་བསླབ་འདོམས་སྐུལ་ལྕག་གླེང་མོལ་གྱི་ཆད་པ་བཅད་པ་རེད།
2017ལོའི་ཟླ2པར་མཚོ་ཤར་གྲོང་ཁྱེར་གྱི་གྲོང་མི་དང་རྫོང་གིས་སོལ་གཏེར་སྔོག་འདོན་ཁེ་ལས17དང་བྱེ་རྡོ་ར་བ55ཡིས་ལག་ཁྱེར་མེད་པའམ་ཡང་ན་ལག་ཁྱེར་ཆ་མ་ཚང་བར་གང་བྱུང་དུ་སོལ་གཏེར་སྔོག་འདོན་བྱས་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་། འགན་འཁྲི་ལག་ལེན་མཐར་ཕྱིན་དང་ལྟ་སྐུལ་དོ་དམ་ཡག་པོ་མ་བྱས་པར་བརྟེན་རྫོང་དེའི་རྒྱལ་ཁབ་ས་ཁོངས་ཅུའུ་དང་། ཁོར་ཡུག་སྲུང་སྐྱོང་ཅུའུ། ཆུ་དོན་ཅུའུ། དེ་སྔའི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ་སོགས་འབྲེལ་ཡོད་འགན་འཁུར་བ་ཚང་མར་དེ་མཚུངས་ཀྱི་ཆད་པ་བཅད་པ་དང་ཐག་གཅོད་བྱས་པ་རེད།
2015ལོའི་ཟླ7པ་ནས2016ལོའི་ཟླ7པའི་བར། མཚོ་སྔོན་ཧའོ་ལུང་ཀུང་ཟིས་ཞའོ་ཀན་ཀོའུ་རུ་སྔོག་འདོན་དང་འཚོལ་ཞིབ་བྱས་ཏེ་རང་དགར་ཉེན་ཡོད་རྫས་འགྱུར་དངོས་རྫས་སྤྱད་དེ་བྲག་གསེར་གཏེར་ཁ་སྔོག་འདོན་བྱས་པས་གཏེར་ཁའི་ཐོན་ཁུངས་དང་དེ་བཞིན་མཐའ་འཁོར་གྱི་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་ཕོག་ཡོད། ན་གོར་མོ་གྲོང་ཁྱེར་ཐིག་རིས་ས་གཤིས་ཆ་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧའེ་ཡན་ཧྲེང་གིས་འགན་འཁྲི་ལག་ལེན་མཐར་ཕྱིན་མ་བྱས་པར་བརྟེན་སྲིད་འཛིན་གྱི་སྐྱོན་ཐོ་བཀོད་པའི་ཆད་པ་བཅད་པ་རེད།
2016ལོའི་ཟླ6པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ལྷོ་རྒྱུད་དུ་རང་དགར་གུར་བརྒྱབ་པ་དང་རང་དགར་ཡུལ་སྐོར་འགྲོ་ལམ་བཏོད་པ་སོགས་ཀྱི་སྣང་ཚུལ་ངན་པ་བཀག་སྡོམ་ཡང་ཡང་བྱས་ཀྱང་མཚམས་མ་བཞག་པར་བརྟེན་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཆེན་པོ་ཕོག་ཡོད། འགན་འཁྲི་ལག་ལེན་མ་བྱས་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་ཞང་ཏང་ཨུ་ཡིས་དེ་སྔའི་ཧྲུའུ་ཅི་ཡན་ཧའེ་མིན་དང་སྤྲེལ་ནག་ཞང་ཏང་ཨུ་ཡི་དེ་སྔའི་ཧྲུའུ་ཅི་རིག་འཛིན་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲོའུ་ཤན་ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ་རེད།
2017ལོའི་ཟླ4པར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཚན་པ་འགའ་ཞིག་གིས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རྩིས་སྤྲོད་བྱས་པའི་གནད་དོན་དག་ཐེར་བྱེད་པའི་ལས་དོན་ནང་། འགན་འཁྲི་ལག་ལེན་མ་བསྟར་བ་དང་ལྟ་སྐུལ་དོ་དམ་ཡག་པོ་མ་བྱས་པར་བརྟེན་ལས་མཚམས་འཇོག་ཏུ་བཅུག་པའི་ཅ་ཅི་གཏེར་ལས་ཀྱིས་སླར་ཡང་གཏེར་ཁ་ལྐོག་ཏུ་སྔོག་འདོན་བྱས་པས་ཤུགས་རྐྱེན་ངན་པ་བཟོས་ཡོད། འབྲི་སྟོད་རྫོང་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་རིན་ཆེན་ལ་འགན་འཁྲི་ཁུར་མཚམས་བཞག་ནས་ཞིབ་བཤེར་བྱ་རྒྱུ་དང་བསླབ་འདོམས་སྐུལ་ལྕག་གླེང་མོལ་གྱི་ཆད་པ་བཅད་པ་རེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཡི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་། རྫོང་ཁོར་ཡུག་སྲུང་སྐྱོང་དང་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་བསོད་རིག་ཝུན་ཚའེ་དང་རྫོང་རྒྱལ་ཁབ་ས་ཁོངས་ཅུའུ་ཡི་ཅུའུ་ཀྲང་ཉི་མ་བཀྲ་ཤིས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་བསླབ་འདོམས་སྐུལ་ལྕག་གླེང་མོལ་གྱི་ཆད་པ་བཅད་པ་རེད།
2017ལོའི་ཟླ4པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་གཞི་ཞང་གིས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་བཀོད་སྒྲིག་བྱས་མེད་པ་དང་། རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་དཔལ་འབྱོར་ཚོང་དོན་ཅུའུ་ཡིས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་འདྲེན་མདོང་ལམ་ལས་གྲྭའི་ཨར་སྐྲུན་བརྒྱུད་རིམ་ནང་ལྗང་མདོག་རྩི་ཤིང་ལ་གཏོར་སྐྱོན་བཏང་བ། རྫོང་ཞིང་འབྲོག་ནགས་ལས་ཚན་རྩལ་ཅུའུ་ཡིས་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་དོ་དམ་ཡག་པོ་མ་བྱས་པས་བར་གཞི་ཞང་དང་། རྫོང་ཞིང་འབྲོག་ཅུའུ། རྫོང་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་རེད།