མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི་དང་ཨ་མེ་རི་ཁའི་ཅཱ་ཀྲིག་སློབ་ཆེན་ཧྲིན་ཏིས་ཡྰ་ཀུག་ཡན་ལག་སློབ་གྲྭ་གཉིས་ཀྱིས་མཉམ་ལས་བརྗེད་ཐོ་བཀོད།
2017.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་བ་དེས་བོད་ཁུལ་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པར་བྱས་རྗེས་མི་དམན་པ་བཞག བོད་ལུགས་གསོ་རིག་དང་བོད་སྨན་དེ་མཚོ་སྔོན་ལས་བརྒལ་ཏེ་འཛམ་གླིང་ལ་ཕྱོགས་ཆེད། ཉེ་སྔོན། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟིས་ཨ་མེ་རི་ཁའི་ཅྰ་ཀྲིག་སློབ་ཆེན་ཧྲིན་ཏིས་ཡྰ་ཀུག་ཡན་ལག་སློབ་གྲྭ་དང་མཉམ་ལས་བརྗེད་ཐོ་བཀོད་པ་དང་། དེས་མཚོ་སྔོན་འཇིགས་མེད་བོད་ལུགས་གསོ་རིག་སྨན་རྫས་དེ་རྒྱལ་སྤྱི་ལ་ཁ་ཕྱོགས་ནས་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་ཞིབ་འཇུག་བྱ་ཡུལ་དུ་གྱུར་བ་མཚོན་ཡོད།

མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཞིབ་འཇུག་དང་གསར་བཟོ། གསར་སྤེལ། ཐོན་སྐྱེད། ཕྱིར་འཚོང་དང་སྨན་བཅོས་ཞབས་ཞུ་གཞི་གཅིག་ཅན་གྱི་བོད་སྨན་རྐྱང་བའི་ཐོན་སྐྱེད་ཁེ་ལས་གྲས་ཀྱི་གཅིག་ཡིན་ལ། མཚོ་བོད་མཐོ་སྒང་གི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་བོད་སྨན་གྱི་སྲོལ་རྒྱུན་འདུལ་སྦྱོང་བཟོ་རྩལ་གཞུང་ལུགས་དང་དེང་རབས་སྨན་བཟོའི་ལག་རྩལ་ཟུང་འབྲེལ་གྱི་བཟོ་སྟངས་སྤྱད་དེ་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་བཅོས་ཐབས་དེ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་། ཐེངས་འདིའི་བརྗེད་ཐོ་ནང་ཕྱོགས་གཉིས་ཀྱིས་བོད་ལུགས་གསོ་རིག་དང་ཕྱོགས་བསྡུས་འཕྲོད་བསྟེན། བདེ་ཐང་སློབ་གསོ། བདེ་ཐང་ལ་སྐུལ་འདེད་བྱེད་པ་སོགས་ཁྱབ་ཁོངས་སུ་མཉམ་ལས་འབྲེལ་བ་བཙུགས་པ་དང་། ཅྰ་ཀྲིག་སློབ་ཆེན་ཧྲིན་ཏིས་ཡྰ་ཀུག་ཡན་ལག་སློབ་གྲྭས་མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི་ལ་ནད་ཐོག་ཞིབ་འཇུག་གི་ཆེད་ལས་ཤེས་བྱ་དང་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས་ནས་ཆེད་དབང་ཁེ་ཕན་གསར་བའི་བོད་སྨན་གྱི་ཨ་མེ་རི་ཁའི་ཆེད་དབང་རེ་ཞུ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཞིང་། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟིས་དགེ་རྒན་དང་སློབ་མ། ཞིབ་འཇུག་མི་སྣ་མངག་ནས་ནད་ཐོག་ཞིབ་འཇུག་ཐད་ནས་རྒྱུན་མཐུན་སློབ་གསོ་དང་རྒྱལ་སྤྱིའི་བརྗེ་རེས་སྤེལ་བ་དང་། བཞུགས་མོལ་ཚོགས་འདུ་དང་ཞིབ་འཇུག་གྲོས་མོལ་ཚོགས་འདུ་སོགས་ལ་ཞུགས་རྒྱུ་རེད།