ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་བྱ་བའི་ཡུལ་དངོས་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་ཁྲི་ཀ་རྫོང་ནས་བསྡུས་པ་དང་། ཚོགས་ཞུགས་མི་སྣས་ཁྲི་ཀ་རྫོང་མི་དམངས་སྨན་ཁང་དང་རྨ་ནུབ་གྲོང་རྡལ་འཕྲོད་བསྟེན་ཁང་། རྨ་སྲིབ་གྲོང་རྡལ་ར་རྒན་སྡེ་བའི་བདེ་ཐང་ཐང་ཆེན་བཅས་ལ་ཡུལ་དངོས་ལྟ་སྦྱོང་བྱས་ཏེ་ཁྲི་ཀ་རྫོང་གི་བདེ་ཐང་དབུལ་སྐྱོར་བྱ་བའི་ཞིབ་ཕྲའི་བྱེད་ཐབས་ལ་ཐད་ཀར་རྒྱུས་ལོན་བྱས་པར་མ་ཟད། ཁྲི་ཀ་རྫོང་དང་ཟི་ལིང་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་ས་ཁུལ་དང་ལས་ཁུངས་དག་གིས་སོ་སོར་བདེ་ཐང་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་ཚོགས་འདུའི་བརྗེ་རེས་གཏམ་བཤད་སྤེལ།
སྡོམ་རྩིས་གསར་བ་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྲིད་ཇུས་ཁྱབ་ཁོངས་ནང་དུ་ཞག་སྡོད་སྨན་རིན་རྩིས་ཞུ་བྱེད་ཚད་བརྒྱ་ཆའི་དོན་བརྒྱད་ལ་སླེབས་ཡོད་པ་དང་། དབུལ་ཕོངས་མི་སྣའི་སྲིད་ཇུས་ཁྱབ་ཁོངས་སུ་ཞག་སྡོད་སྨན་རིན་རྩིས་ཞུ་བྱེད་ཚད་བརྒྱ་ཆའི་དགུ་ཅུར་ཉེ་ལ། ཧ་ཅང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་ལ་རྩིས་ཞུ་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་རེད། ཞིང་ཆེན་ཡོངས་སུ་ནད་བྱུང་བ་ལས་ཕྱིར་དབུལ་བོར་གྱུར་བའི་མཐིལ་རྟོགས་མི་གྲངས་ཁྲི་གསུམ་དང་སྟོང་གཉིས་བརྒྱ་དང་གོ་བཞི་ཡིན་ཞིང་། ནད་ཚབས་ཆེན་བྱུང་བའི་མི་གྲངས་སྟོང་གཅིག་དང་དགུ་བརྒྱ་ཉི་ཤུ་དང་། ནད་བཅོས་བྱས་ཟིན་པའི་མི་གྲངས་སྟོང་གཅིག་དང་ང་དྲུག་ཡིན་པས་ནད་བཅོས་ཀྱི་བསྡུར་ཚད་བརྒྱ་ཆའི་ང་ལྔ་ཡིན་པ་རེད། རིན་མེད་ལིང་ཏོག་གཤགས་བཅོས་སྟོང་གཉིས་དང་བཅོ་ལྔ་བྱས་ལ། ལྷན་སྐྱེས་སྙིང་ནད་ཡོད་པའི་མི་བརྒྱ་དང་ལྔ་དང་ཁ་ཤོ་རྐན་ཤོ་ཡི་བྱིས་པ་ང་གཉིས་ལ་གཤགས་བཅོས་རོགས་སྐྱོབ་བྱས་པར་མ་ཟད། ཐུམ་འབུའི་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་ལ་འཐེན་བཤེར་བྱས་པ་དང་ནད་པ་དགུ་བརྒྱ་དྲུག་ཅུ་གསར་དུ་ཤེས་རྟོགས་བྱུང་ཞིང་། ཚང་མར་རིན་མེད་སྨན་བཅོས་བྱས་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནད་བྱུང་བ་ལས་ཕྱིར་དབུལ་བོར་འགྱུར་བའི་ཚད་མུ་མཐུད་དུ་ཇེ་དམའ་རུ་སོང་ཞིང་འཕར་ཚད་ནུས་ཡོད་སྒོས་བཀག་འགོག་བྱས།