ཉིས་སྟོང་བདུན་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ཕྱི་རྒྱལ་ཆེད་མཁས་ཅུའུ་གཉིས་ཀྱིས་ཧུར་ཐག་གིས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་ཚན་རྩལ་བརྗེ་རེས་ཐེབས་རྩ་ཚོགས་པར་མཉམ་ལས་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་སྨན་བཅོས་བརྗེ་རེས་ལས་གཞི་སྤེལ་ནས་རང་ས་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་ཤུགས་ཚད་རྒྱ་བསྐྱེད། ལོ་བཅུའི་འཕེལ་རྒྱས་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་ཆེ་གྲས་སོ་སོའི་རྐང་འཛིན་སྨན་པ་སོགས་མི་རེ་གཅིག་འཇར་མན་དུ་སོང་ནས་གསོ་སྦྱོང་བྱས།
ཀྲུང་གོ་དང་འཇར་མན་གྱི་སྨན་བཅོས་བརྗེ་རེས་ལས་གཞི་ནི་འཇར་མན་སྲིད་གཞུང་དང་འཇར་མན་ཚན་རིག་མཐུན་ཚོགས། འཇར་མན་དང་ཀྲུང་གོའི་ཚན་རྩལ་བརྗེ་རེས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་མ་དངུལ་གྱིས་རོགས་སྐྱོར་བྱེད་པ་དང་། འཇར་མན་གྱི་གསོ་རིག་སློབ་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་སྨན་བཅོས་བརྗེ་རེས་ལས་གཞི་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཇར་མན་གྱི་སྨན་བཅོས་སྡེ་ཁག་དང་ཀྲུང་གོའི་སྨན་བཅོས་སྡེ་ཁག་བར་གྱི་སྨན་བཅོས་བརྗེ་རེས་དང་ཤེས་ལྡན་མི་སྣ་བརྗེ་རེས། རིག་གཞུང་གྲུབ་འབྲས་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་བར་མ་ཟད། ཀྲུང་གོའི་ས་གནས་སོ་སོའི་འཕྲོད་བསྟེན་སྨན་བཅོས་ལག་རྩལ་དང་རིག་གཞུང་། དོ་དམ་ཆུ་ཚད་སོགས་མཐོར་འདེགས་གཏོང་བར་རོགས་འདེགས་བྱེད་རྒྱུ་དེ་ཡིན། ལས་གཞི་འདིས་ཁ་གཏད་གསོ་སྦྱོང་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་རྒྱུགས་ལེན་པའི་བྱེད་ཐབས་ཀྱིས་སྨན་བཅོས་རྐང་འཛིན་མི་སྣ་གདམ་མངག་བྱས་ཏེ་འཇར་མན་སྨན་ཁང་དུ་དུས་ཡུན་ཟླ་གསུམ་ལ་གསོ་སྦྱོང་བྱེད་བཞིན་ཡོད།