ཐུན་ཏེ་རྫོང་གིས་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་བསྡུས།
2017.10.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་ཀྱིས་གྲུབ་འབྲས་འགྲེམ་སྟོན་དང་ཚོང་རྟགས་འཛུགས་སྐྲུན་བྱེད་པ། ཐོན་རྫས་ཉོ་ཚོང་ལ་སྐུལ་འདེད་གཏོང་བ། ཚོང་ར་འཛུགས་སྐྲུན་བྱེད་རྒྱུ་གཙོར་འཛིན་པ་དང་། ཐུན་ཏེ་མཐོ་སྒང་གི་ཁྱད་ཆོས་ཚོང་རྟགས་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱས་ཏེ། བསྡོམས་པས་ཞིང་ཕྱུགས་ཁེ་ལས་ཐོན་རྫས་དང་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས། ཁྱིམ་ཚང་གི་ཞིང་ར་དང་ཕྱུགས་རའི་ཐོན་རྫས། རྫོང་ཁོངས་ཁྱད་ཆོས་ཞིང་ལས་ཐོན་རྫས་བཅས་འགྲེམ་ཁུལ་བཞི་རུ་བགོས་ཡོད་ལ། ཞིང་ཕྱུགས་ཁེ་ལས་བརྒྱད་དང་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་བཅུ་བཞི། ཁྱིམ་ཚང་གི་ཞིང་ཕྱུགས་ར་དྲུག་རྩ་འཛུགས་བྱས་ཤིང་ཐོན་རྫས་སྣ་སུམ་བརྒྱ་ལྷག་འགྲེམ་སྟོན་བྱས། འགྲེམ་སྟོན་ཁྲོད་ཐུན་ཏེ་རྫོང་གི་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གྲུབ་འབྲས་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་པ་མ་ཟད། ད་དུང་ཐུན་ཏེ་ཡི་ཁྱད་ཆོས་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པའི་ནུས་པ་བཏོན།

ད་ལོར། ཐུན་ཏེ་རྫོང་གིས་བསྒྱུར་བ་བཞིའི་འདུ་ཤེས་གསར་བར་བརྟེན་ནས། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕྱུགས་ལས་འཕེལ་རྒྱས་ཐད་ཀྱི་ཚུལ་བསྒྱུར་རིམ་སྤོར་མགྱོགས་མྱུར་སྒོས་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་། རྫོང་ཡོངས་སུ་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་གཙོར་བྱས་པའི་རིགས་གསར་བའི་ཚོང་གཉེར་གཙོ་གཞི་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་བཏང་བ་དང་། རྒྱུན་མཐུད་ངང་རོང་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་བརྒྱ་དང་ང་གཉིས་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་གྱ་དྲུག་བཙུགས།

འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་སྐབས་སུ། ཞིང་ཕྱུགས་ཁེ་ལས་གསུམ་དང་ཆེད་ལས་མཉམ་ལས་ཁང་བཞི། ཁྱིམ་ཚང་གི་ཞིང་ཕྱུགས་ར་གསུམ་བཅས་ལ་སྐབས་འདིའི་འགྲེམ་སྟོན་ཉོ་ཚོང་གྲོས་ཚོགས་ཀྱི་ཕུལ་བྱུང་ཚོང་རྟགས་གསར་སྐྲུན་བྱ་དགའ་ཐོབ།