ཉེན་རྟོག་ཕྱོགས་ཀྱིས་གཅིག་བསྡུས་སྒོས་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་ཉིས་བརྒྱ་དང་ཞེ་བརྒྱད་ལ་གསོ་སྦྱོང་བྱས།
2017.10.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་བཅུ་བའི་ཚེས་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དྲིལ་སྒྲོག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྤྱི་བདེ་ཅུའུ་ཡིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པ་ཉིས་བརྒྱ་དང་ཞེ་བརྒྱད་ཀྱི་ཚོགས་གཙོ་གསོ་སྦྱོང་འཛིན་གྲྭར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། གསོ་སྦྱོང་འཛིན་གྲྭས་སྐད་འཕྲིན་ཚོགས་པ་མང་པོ་ཞིག་གི་ཚོགས་གཙོ་འཛིན་བཟུང་བྱས་པའི་གྱོད་གཞི་ལ་དབྱེ་ཞིབ་བྱེད་པ་དང་འགྲེལ་བཤད་བྱེད་པའི་རྣམ་པ་བརྒྱུད་དེ། ཚོགས་གཙོ་ཡོངས་ལ་སྐད་འཕྲིན་ནང་ཁ་བརྡ་བྱེད་པའི་སྐབས་ཀྱི་དགུ་མིན་རྩ་དོན་དང་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་བཤད་བྱས་པ་དང་། རྒྱ་ཆེའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོས་ཚོགས་པའི་ནང་དུ་གཏམ་བཤད་སྐབས་སྔར་ལས་མཉམ་འཇོག་བྱེད་རྒྱུའི་སློབ་གསོ་བཏང་བ་མ་ཟད། མང་ཚོགས་ཀྱི་གོ་སླ་བའི་སྐད་ཆ་བརྒྱུད་དེ། སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་འགན་ཁུར་དགོས་པའི་ཁྲིམས་ལུགས་འགན་འཁྲི་དང་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་ཁྲིམས་ལུགས་ཐད་ཀྱི་ཉེན་ཁ་ལ་སྔོན་འགོག་བྱེད་པའི་བྱེད་ཐབས་སོགས་ཕྱོགས་ནས་འགྲེལ་བཤད་བྱས་པ་དང་། ཚོགས་གཙོ་ཡིས་དོ་དམ་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པའི་ཐད་ནས་རེ་བ་བཏོན། གསོ་སྦྱོང་བྱེད་སྐབས། མི་དམངས་ཉེན་རྟོག་གིས་སྐད་འཕྲིན་ཚོགས་པའི་ཚོགས་གཙོ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས། མཉམ་འབྲེལ་དྲ་རྒྱའི་ཚོགས་པའི་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་ཁེལ་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། མངག་གཏོང་ཁང་ལ་དོ་དམ་བྱེད་པའི་ཆེད་བསྐོས་ཅུའུ་ཀྲང་གཞོན་པ་དང་མངག་གཏོང་ཁང་སོ་སོའི་འགོ་གཙོ། སྐད་འཕྲིན་ཚོགས་པའི་ཚོགས་གཙོ་བཅས་ཀྱིས་འགན་འཁྲི་ཡི་གེ་བྲིས། དེ་དང་མཉམ་དུ། བདེ་སྐྱོང་རུ་ཁག་གིས་རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་ཚོགས་པ་བཙུགས་ནས། རྫོང་ཡོངས་ཀྱི་སྐད་འཕྲིན་ཚོགས་པའི་ཚོགས་གཙོར་གཅིག་གྱུར་སྒོས་དོ་དམ་བྱས་པ་དང་། ཁྲིམས་ལུགས་གསོ་སྦྱོང་གི་ལམ་བུ་སྔར་ལས་རྒྱ་བསྐྱེད་དེ། གསོ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བརྒྱུད་དེ། རྒྱ་ཆེའི་སྐད་འཕྲིན་ཚོགས་པའི་ཚོགས་གཙོའི་དོ་དམ་ལྟ་སྐུལ་འགན་འཁྲི་དང་སྒྲིག་བརྩི་ཁྲིམས་སྲུང་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ལ། སྐད་འཕྲིན་ཚོགས་པ་སོ་སོའི་ཚོགས་གཙོས། རྗེས་ཕྱོགས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ཞོར་དུ། སྐད་འཕྲིན་ཚོགས་པའི་ཚོགས་མིས་སྤེལ་བའི་ཁྲིམས་འགལ་ནང་དོན་ལ་དོ་དམ་ཡང་དག་བྱས་ཏེ། འདོད་ལོག་ཆགས་སྲེད་དང་དྲག་ཤུགས་འཇིགས་སྐུལ། བརྡ་འཕྲིན་རྫུན་མ། གཡོ་ཚོང་རྒྱན་འཇོག་སོགས་ཁྲིམས་འགལ་ལུགས་འགལ་གྱི་ཆ་འཕྲིན་ཚོགས་པ་བརྒྱུད་དེ་བརྒྱུད་སྒྲོག་བྱེད་པར་གཏན་ནས་བཀག་འགོག་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།