གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2017ལོར་བསྡུ་རུབ་བྱས་པའི་ཞིང་ལས་དང་སློབ་གསོ། སྨན་བཅོས་ཐད་རོགས་སྐྱོར་བྱེད་པ་དང་། དབུལ་སྐྱོར་བྱེད་པའི་ཞབས་ཞུའི་མི་སྣ་བདུན་བརྒྱ་དང་ང་བདུན་ཡོངས་རྫོགས་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་རྫོང་སོ་བདུན་གྱི་གཞི་རིམ་ཞང་དང་གྲོང་རྡལ་གྱི་སྡེ་ཁག་ཏུ་མངག་གཏོང་བྱས་པ་དང་། ད་ལོར་རོགས་སྐྱོར་གསུམ་དང་དབུལ་སྐྱོར་བྱ་བའི་བསྡུ་རུབ་བྱ་བ་ཁྱོན་ཡོངས་ནས་མཇུག་རྫོགས།
མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་དང་སློབ་གསོ། སྨན་བཅོས་ཐད་རོགས་སྐྱོར་བྱེད་པ་དང་དབུལ་སྐྱོར་བྱ་བའི་འཆར་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སྲིད་ཇུས་བཀོལ་སྤྱོད་བྱས་པ་དང་། མི་བསྡུ་གཞི་ཁྱོན་དང་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པ། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། དུས་ཚད་ལོངས་རྗེས་ལས་ཞུགས་བྱེད་པའི་ལམ་བུ་རྒྱ་བསྐྱེད་པ་སོགས་བྱེད་ཐབས་བརྒྱུད་དེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྔོན་ལ་ཞབས་འདེགས་ཞུ་བ་དང་རྗེས་སུ་ལས་ཞུགས་བྱེད་པའི་ལམ་བུ་གསར་བ་གསར་གཏོད་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རོགས་སྐྱོར་གསུམ་དང་དབུལ་སྐྱོར་བྱ་བའི་ཁྲོད་ཞུགས་པའི་མི་གྲངས་ལོ་རེ་བཞིན་ཇེ་མང་དུ་སོང་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་དཀའ་བའི་དུས་ཚིགས་ལ་ཁ་གཏད་འཇལ། ད་ལོར་གསར་དུ་བསྡུ་རུབ་བྱས་པའི་མི་སྣ་ཁྲོད། 2016ལོའི་མཐར་ཕྱིན་སློབ་མ་ཉིས་བརྒྱ་དང་ང་བཞི་དང་། 2017ལོའི་མཐར་ཕྱིན་སློབ་མ་ང་བརྒྱ་དང་གསུམ་ཡོད།
དེ་དང་མཉམ་དུ། ལོ་རེའི་ལོ་འགོར་གཞི་རིམ་ཞང་དང་གྲོང་རྡལ་གྱི་མི་བཀོལ་དགོས་མཁོ་རྒྱུས་ལོན་གསལ་བོ་བྱས་ནས། ལོ་ཧྲིལ་བོའི་མི་བསྡུ་གཞི་ཁྱོན་དགོས་མཁོ་ལྟར་བཀོད་སྒྲིག་བྱེད་པར་ཁག་ཐེག་བྱེད་པ་དང་། གཞི་རིམ་ཤེས་ལྡན་མི་སྣའི་དཔུང་སྡེའི་གྲུབ་ཚུལ་ལེགས་བསྒྱུར་བྱས་ཏེ། སྟོབས་ཤུགས་དང་ལག་རྩལ་མི་འདང་བའི་གནད་དོན་ཐག་གཅོད་བྱས། གསར་དུ་བསྡུ་རུབ་བྱས་པའི་མི་སྣའི་ཁྲོད། ཞིང་ལས་ཐད་རོགས་སྐྱོར་བྱེད་པའི་མི་བརྒྱ་དང་དོན་གསུམ་དང་། སྨན་བཅོས་ཐད་རོགས་སྐྱོར་བྱེད་པའི་མི་བརྒྱ་དང་ཞེ་གཉིས། སློབ་གསོ་ཐད་རོགས་སྐྱོར་བྱེད་པའི་མི་བརྒྱ་དང་ཞེ་དྲུག་ཡོད་ལ། དབུལ་སྐྱོར་གསར་སྤེལ་ཐད་ཀྱི་མི་བརྒྱ་དང་ང་གསུམ་དང་། ལས་ཞུགས་དང་སྤྱི་ཚགས་འགན་སྲུང་ཐད་ཀྱི་མི་བརྒྱ་དང་ཞེ་གསུམ་ཡོད། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སེམས་བདེ་མོའི་ངང་གཞི་རིམ་ལ་ཞབས་འདེགས་ཞུ་རུ་འཇུག་ཆེད། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་ཟླ་རེའི་འཚོ་བའི་ཐད་ཀྱི་འགྲོ་གྲོན་ཁ་གསབ་སྒོར་དྲུག་བརྒྱ་དང་སུམ་ཅུ་ཡི་ཇེ་མང་དུ་བཏང་བ་དང་། ཞབས་ཞུའི་མི་སྣའི་ལས་རྐང་གསོ་སྦྱོང་སྤེལ་ནས། ཞབས་ཞུའི་ནུས་པ་མཐོར་འདེགས་བྱས།