ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་མཛོད་གནས་སྤོར་སྡོད་དམངས་བཀོད་སྒྲིག་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཆུ་མཛོད་གནས་སྤོར་སྡོད་དམངས་ལས་དོན་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ད་ལོའི་ཟླ་དགུ་བའི་ནང་བར་དུ། ཞིང་ཆེན་ཡོངས་ཀྱི་ས་གནས་ཆུ་མཛོད་གནས་སྤོར་སྡོད་དམངས་ལས་གཞིར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ཀྱིས་གཞོགས་སྐྱོར་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་གནས་སྤོར་སྡོད་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་ཞིག་གསོ་བསྒྱུར་བཀོད་བྱས་པར་མ་ཟད། སྡེ་གྲོང་ཕྱོགས་བསྡུས་ལེགས་བཅོས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་གཞི་ཞེ་བཞིར་རྒྱབ་སྐྱོར་གང་ལེགས་བྱས། མིག་སྔར་ཁ་གསབ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་གསུམ་ཁྲི་བདུན་ལྷག་བྱིན་ཚར་བ་དང་། ད་ལྟ་ད་དུང་གཞོགས་སྐྱོར་བྱེད་དགོས་པའི་མི་གྲངས་ཁྲི་ལྔ་དང་སྟོང་བདུན་སུམ་བརྒྱ་ཉེར་དགུ་ཡོད།
ད་ལོ་ནས་བཟུང་། མཚོ་སྔོན་གྱིས་རྨང་རྐང་བརྟན་པོའི་ངང་ནས་གནས་སྤོར་སྡོད་དམངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་བཀོད་སྒྲིག་བྱས་ཏེ། གནས་སྤོར་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད། གུང་ཧོ་དང་ཀོས་ནན། ཁྲི་ཀ། ཐུན་ཏེ་རྫོང་སོགས་མངའ་ཁོངས་ནས་སྡེ་བ་སོ་གསུམ་གྱི་གནས་སྤོར་ཉེན་ཁང་དང་ཁང་རྙིང་བདུན་བརྒྱ་གྱ་བདུན་བསྒྱུར་བཀོད་དང་བསྐྱར་བསྐྲུན་བྱས་པར་མ་ཟད། སྡེ་བ་བཅུའི་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་བཅོས་བྱས་པར་སྤྱིའི་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་བཏང་། ཞིང་སའི་ཆུ་བེད་དང་ཞིང་སྡེའི་འཐུང་ཆུ། འགྲིམ་འགྲུལ་བགྲོད་ལམ། ཆུ་ལོག་འགོག་བཅོས་དང་བཙོག་ཆུ་འདོར་བ། གློག་དང་བརྡ་འཕྲིན་བརྒྱུད་གཏོང་། རིག་གནས་སློབ་གསོ་སོགས་ཀྱི་རྟེན་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་སྤྱིའི་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་ལྷག་བཏང་བས། གནས་སྤོར་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་། གནས་སྤོར་བྱ་བའི་འགྲོ་སོང་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐད་སྤྱིའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་ལྷག་བཏང་ནས། གནས་སྤོར་སྡོད་དམངས་ཀྱི་ཡོང་སྒོ་བཙལ་བའི་ཐབས་ལམ་ཇེ་མང་དུ་བཏང་བར་མ་ཟད། ཕན་འབྲས་ལྡན་པའི་སྒོ་ནས་གནས་སྤོར་སྡོད་དམངས་ཀྱིས་རང་ཉིད་ལ་བརྟེན་ནས་ལས་སྐྲུན་བྱེད་པའི་ཆུ་ཚད་མངོན་གསལ་ཇེ་མཐོར་བཏང་།