ཉེ་ལམ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཁྱབ་སྤེལ་ནས། 2017ལོའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རར་གཙང་བཤེར་དང་སྒྲིག་ལམ་ལེགས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་རང་སྟེང་གི་འགན་ནུས་ནུས་པ་འདོན་སྤེལ་བཟང་བོ་བྱས་པ་དང་། ལས་འགན་ཡོངས་འགྲུབ་བྱས་པ་མ་ཟད་གྲུབ་འབྲས་འབུར་ཐོན་བླངས་པའི་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཐུན་རིན་རྫོང་། པད་མ་རྫོང་ངལ་རྩོལ་ལྟ་ཞིབ་རུ་ཁག མཚོ་ཤར་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ངལ་རྩོལ་ལྟ་ཞིབ་ཁང་། གཏེར་ལེན་ཁ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་བརྒྱད་ལ་གཟེངས་བསྟོད་བྱས།
ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས་དང་ངལ་རྩལ་གན་རྒྱ་བཅའ་ཁྲིམས། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་རའི་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་གྲོས་གཞི་འགའ»སོགས་སྔར་ལས་ལག་བསྟར་ནན་མོ་བྱེད་པ་དང་། མི་ཤུགས་ཐོན་ཁུངས་ཚོང་རའི་ལྟ་སྐུལ་ལ་ཤུགས་སྣོན་པ། འདྲ་མཉམ་ཚད་ལྡན་དང་འགྲན་རྩོད་ལྡན་པ། སྒྲིག་ལམ་ཡོད་པའི་ལས་ཞུགས་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་གཉིས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། 2017ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་བར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་བཟོ་ཚོང་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་མི་ཤུགས་ཐོན་ཁུངས་ཚོང་རར་གཙང་བཤེར་དང་སྒྲིག་ལམ་ལེགས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། བསྡོམས་པས་ཁྲིམས་འཛིན་མི་སྣ་ལྔ་བརྒྱ་དང་དོན་གསུམ་མངག་ནས། ལས་ཁུངས་བདུན་བརྒྱ་དང་བཅུ་གཅིག་ལམ་ཞིབ་བཤེར་བྱས། དེའི་ཁྲོད་མི་བཀོལ་ལས་ཁུངས་དྲུག་བརྒྱ་དང་བཅུ་དགུ་དང་། ལས་རིགས་མཚམས་སྦྱོར་ལས་ཁུངས་གྱ་གསུམ་ལ་ཞིབ་བཤེར་བྱས་པ་བརྒྱུད་དེ་ཆོག་མཆན་དཔང་ཡིག་མེད་པ་དང་ཐོ་འགོད་མ་བྱས་པར་ལས་རིགས་མཚམས་སྦྱོར་བྱ་འགུལ་སྤེལ་བའི་གནད་དོན་དགུ་རྙེད།
ཆེད་དོན་འགུལ་སྐྱོད་སྐབས་སུ། ས་ཆ་སོ་སོས་ཁྲིམས་འཛིན་ནན་མོ་བྱས་ཏེ། དུས་ལྟར་རིགས་མི་འདྲ་བའི་ཁྲིམས་འགུལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཡོ་བསྲང་བྱས་པ་དང་། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱས་ནས། མི་ཤུགས་ཐོན་ཁུངས་ཚོང་རའི་ཁྱབ་ཁོངས་ཀྱི་ཁྲིམས་འགུལ་བྱ་སྤྱོད་ཆད་གཅོད་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས།