མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་ཞིང་ཆེན་ཁོངས་གཏོགས་དངུལ་འདོན་ཁེ་ལས་རྩ་འཛུགས་བྱས་ནས། གཙོ་བོ་ཏང་འཛུགས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར་སོགས་ཕྱོགས་མང་པོར་དམིགས་པ་དང་། ཕན་ཡོད་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་འགན་འཁྲི་ཕྲག་ཏུ་ལེན་པ་དང་རྒྱལ་དབང་ཁེ་ལས་ཀྱི་འོས་འགན་ལག་བསྟར་ནན་མོ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ཞིང་ཆེན་ཁོངས་གཏོགས་དངུལ་འདོན་ཁེ་ལས་བཅུ་བདུན་གྱིས་དབུལ་ཕོངས་གྲོང་སྡེ་ཞེ་བདུན་དང་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་དང་བརྒྱ་དང་དགུ་བཅུ་ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱིན་ཡོད་དེ། ཚྭ་མཚོ་སྡེ་ཚོགས་ཀྱིས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་ས་ཡ་གཅིག་འབུམ་བརྒྱད་ཁྲི་གསུམ་བཀོད་སྒྲིག་བྱས་ནས། དབུལ་ཕོངས་སྡེ་བའི་ཉེན་ཁང་བསྒྱུར་བཀོད་དང་ཐོན་ལས་འཕེལ་རྒྱས། ལག་རྩལ་ནང་འདྲེན་སོགས་དབུལ་སྐྱོར་ལས་གཞི་ཐད་བཀོལ་སྤྱོད་བྱས་པ་དང་། མཚོ་སྔོན་དངུལ་ཁང་གིས་ཞིང་སྡེའི་དངུལ་རྩའི་ཐད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། གཞི་གཉིས་མཉམ་འབྲེལ་མཉམ་ལས་དངུལ་བུན་འགུལ་སྐྱོད་སྤེལ་བ་དང་། ཞིང་ལས་ཐད་ཀྱི་དངུལ་བུན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བཞི་འབུམ་དགུ་ཁྲི་གཅིག་བྱིན་ནས། དབུལ་ཕོངས་ཁྱིམ་ཚང་གི་དངུལ་བུན་བསྐྱི་དཀའ་བ་དང་ཁག་འཁུར་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད། རྒྱལ་ཁབ་དངུལ་གཏོང་ཀུང་ཟིས་དབུལ་ཕོངས་མང་ཚོགས་རྩ་འཛུགས་བྱས་ནས་མཚོ་རྒྱུད་ས་ཁུལ་དུ་ཕྱོགས་བསྡུས་རྩལ་ནུས་གསོ་སྦྱོང་ལ་ཞུགས་སུ་འགྲོ་རུ་བཅུག་སྟེ། དབུལ་ཕོངས་མི་གྲངས་ལས་ཞུགས་དབུལ་ཐར་ནུས་པ་མཐོར་འདེགས་བྱས། དངོས་ཐོན་སྡེ་ཚོགས་ཀྱིས་དབུལ་ཕོངས་མང་ཚོགས་བཅུ་གཉིས་ཁོངས་གཏོགས་ཁེ་ལས་སུ་ལས་ཞུགས་བྱེད་དུ་བཅུག ནུབ་རྒྱུད་གཏེར་ལས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་བཅུ་ཡི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། དབུལ་ཕོངས་མི་སྣ་བཅུ་གཉིས་ཀྱིས་རང་བདག་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
ཚོང་ར་ཁ་ཕྱོགས་སུ་བྱེད་པ་དང་། ཚན་རྩལ་འདེགས་སྐྱོར་དུ་བྱེད་པ། ཡོང་འཕར་དམིགས་འབེན་དུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་དངུལ་འདོན་ཁེ་ལས་སོ་སོས་ཁྱད་ཆོས་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་དང་། སྤུས་ལེགས་ལོ་ཏོག་དང་དཔལ་འབྱོར་ཡོང་འབབ་མཐོ་བའི་ལོ་ཏོག་སྐྱེད་སྲིང་བྱེད་པ་དང་། ཀྲུང་ལུགས་སྨན་རྫས་འདེབས་གསོ་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་པ། ས་བབ་བསྟུན་པ་བཅས་བྱས་ནས། གཞི་ཁྱོན་འཕེལ་རྒྱས་དང་སྤྱི་ཁོག་ནས་འཕེལ་རྒྱས་སུ་གཏོང་བའི་ཐོན་ལས་དབུལ་སྐྱོར་དཔེ་སྟོན་ཕན་འབྲས་གྲུབ་པར་བྱས། དེ་དང་མཉམ་དུ། ཁེ་ལས་སོ་སོས་ཁེ་ལས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱེད་ཐབས་སྤྱད་དེ། དབུལ་སྐྱོར་དང་དབུལ་ཕོངས་ཁྱིམ་ཚང་ལ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ། རྨང་གཞིའི་སྒྲིག་ཆས་ལས་གཞི་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ལས་གཞིའི་འཛུགས་སྐྲུན་ཐད་རྒྱུན་མཐུད་དེ་ཤུགས་འདོན་པ་དང་། དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ལེགས་བསྒྱུར་བྱས་ཏེ། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱས།