ཚན་རྩལ་ལས་གཞི་དོན་བདུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྐྱེ་ཁམས་མཐུན་སྦྱོར་སྒོས་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱས།
2017.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གཉོམ་ཞན་ཡིན་པ་དང་སྐྱེ་ཁམས་གོ་གནས་འབུར་ཐོན་ཡིན་པས། སྐྱེ་ཁམས་ཀྱི་ལྕགས་རི་བརྟན་པོ་བསྐྲུན་པ་དང་དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་ལྷུང་ལྷུང་དལ་གྱིས་འབབ་པར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་གསར་གཏོད་སྒུལ་སྤེལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དང་མཚོ་སྔོན་པོའི་བཞུར་ཁོངས། མདོ་ལ་རི་བོའི་ས་ཁུལ། ཚྭ་འདམ་གཞོང་ས་ཁུལ། ཙོང་ཆུའི་བཞུར་རྒྱུན་བཅས་ཀྱི་ས་ཁོངས་ལྔ་ནས་རྐང་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབས་པ་ལ། སྔ་གཞུག་ཏུ་ཚན་རྩལ་ལས་གཞི་དོན་བདུན་བཀོད་སྒྲིག་བྱས་ཤིང་། དེར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་གཉིས་བཏང་ནས་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་མ་ལག་བསྐྱར་གསོའི་རྣམ་པ་དང་ཆུ་བསྐྱིལ་གསོག་སྲུང་སྐྱོབ་སོགས་ཀྱི་ལག་རྩལ་དང་དཔེ་སྟོན་རྣམ་པ་གྲུབ་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་ཚན་རྩལ་གྱི་འདེགས་ཤུགས་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས།