མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་མ་རྩར་བརྟེན་ནས་བཟོ་ལས་བྱ་བའི་གོང་འཕེལ་ལ་རམ་འདེགས་བྱས།
2017.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ད་ལོར། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་ཁྲོད་དངུལ་གཏོང་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་སྲིད་ཇུས་བྱེད་ཕྱོགས་རབས་དང་རིམ་པ་ནན་ཏན་སྒོས་དངོས་འབེབས་བྱས་པ་དང་། བར་མ་ཆད་པའི་ངང་ནས་ཁེ་ལས་དངུལ་གཏོང་གི་ཚད་ཇེ་མཐོར་བཏང་། ད་ལོའི་ཟླ་དང་པོ་ནས་ཟླ་བརྒྱད་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་བཟོ་ལས་ཐད་སྤྱིའི་མ་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་ལྷག་བཏང་བ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མང་དུ་འཕར། སྤྱིར་བཏང་རང་བཞིན་གྱི་བཟོ་ལས་དངུལ་གཏོང་མགྱོགས་མྱུར་ངང་འཕེལ་ཚད་ནི་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་བདུན་དྲུག་གིས་ཇེ་མཐོར་ཕྱིན་ཡོད། དེའི་ཁྲོད་དུ། སྤྱིར་བཏང་རང་བཞིན་གྱི་བཟོ་ལས་དངུལ་གཏོང་ཁྲོད་གནས་པའི་དམངས་ཁྲོད་བཟོ་ལས་ཐད་མ་དངུལ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་ལྷག་ཡོངས་སུ་བཏང་བ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བརྒྱད་ཀྱིས་ཇེ་མང་དུ་འཕར་ཡོད་ཅིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་ཡིས་ཇེ་མཐོར་སོང་ཡོད།