ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་གྲངས། ཞིང་གསུམ་ཕྱུགས་གསུམ་སོགས་ཉམ་ཞན་ཁྱབ་ཁོངས་ཀྱི་དངུལ་ལོར་ཞབས་ཞུའི་དགོས་མཁོ་དེ་གཙོ་གནད་དུ་བཟུང་ནས། གནད་ཕིགས་ཀྱིས་ཤུགས་འདོན་པར་དམིགས་པ་དང་དབུལ་སྐྱོར་དངུལ་ཁང་གི་སྣང་བརྙན་བསྐྲུན་ནས། དབུལ་སྐྱོར་ཆེན་པོའི་འཐབ་ཇུས་ཀྱིས་དངུལ་ཁང་གི་ལས་སྒོའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་རྒྱུ་གཏན་ཁེལ་བྱས་ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཞེ་གཉིས་ལ་དབུལ་སྐྱོར་དངུལ་བུན་སྒོར་ཁྲག་ཁྲིག་གཅིག་གཏོང་བའི་བྱ་བའི་དམིགས་འབེན་གཏན་ཁེལ་བྱས་ཡོད།
མིག་སྔར། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་བར་དུ«དབུལ་སྐྱོར་གསར་སྤེལ་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན»བཀོད་ཡོད་པ་མ་ཟད། ཞིང་ཆེན་རིམ་པའི་དབུལ་སྐྱོར་དངུལ་གཏོང་ཁེ་ལས་ཏེ་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་དངུལ་གཏོང་ཚད་ཡོད་འགན་ལེན་ཀུང་ཟི་བཙུགས་པ་དང་། དེ་ནི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དབུལ་སྐྱོར་གནས་སྤོར་དངུལ་བུན་དང་དབུལ་སྐྱོར་རྣམ་གྲངས་གཞན་རྣཔའི་ཞིང་ཆེན་རིམ་པའི་དངུལ་གཏོང་ཁེ་ལས་ཡིན་པའི་ཆ་ནས། ཞིང་ཆེན་ནང་ཁུལ་གྱི་དབུལ་སྐྱོར་གནས་སྤོར་གྱི་ལས་འགན་ཡོད་པའི་རྫོང་རིམ་པའི་དབུལ་སྐྱོར་སྡེ་ཁག་སོ་བརྒྱད་ཀྱིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཡན་ལག་ལས་ཁུངས་སུ་དབུལ་སྐྱོར་མ་དངུལ་གྱི་རྩིས་ཐོ་ཕྱེས་ཡོད།
གཞན་ད་དུང་དབུལ་ཕོངས་ས་ཁུལ་གྱི་གཞུང་ལམ་དང་ཞིང་སྡེའི་ལམ་དྲ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་ཆེད། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བར་དུ་ཁྱོན་སྡོམ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་དྲུག་གི«འདོད་ཕྱོགས་རང་བཞིན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན»ཡོད།
ད་ལོའི་ལོ་སྟོད་ལ། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་བསྡོམས་པས་དངུལ་བུན་སྣ་ཚོགས་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་བཏང་བ་དང་། དངུལ་བུན་འཕར་ཚད་ཞིང་ཆེན་ཡོངས་ཀྱི་དངུལ་ལོར་ལས་ཁུངས་ཀྱི་ཨང་དང་པོ་རེད། ཟླ་དྲུག་པའི་ཟླ་མཇུག་ཏུ་། དངུལ་བུན་སྣ་ཚོགས་ལྷག་ཚད་སྒོར་ཐེར་ཆེན་བཞི་དང་དུང་ཕྱུར་བདུན་ཡིན་ལ། དེའི་ནང་དུ་དབུལ་སྐྱོར་དངུལ་བུན་ལྷག་ཚད་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་གསུམ་ཡིན་པ་དང་། ཟིན་ཚད་བརྒྱ་ཆའི་གྱ་བཞི་ཡིན་ལ། དེས་ཞིང་ཆེན་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དབུལ་སྐྱོར་དངུལ་བུན་ལྷག་ཚད་ཀྱི་སུམ་ཆའི་གཅིག་ཙམ་ཟིན་ཡོད།
ཡིག་སྒྱུར་པ། པད་མ་རྡོ་རྗེ།