ཟླ་བཅུ་བའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་བསྒྲགས་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་དང་ཧུར་ཐག་གིས་མཐུན་སྦྱོར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་འབུམ་གསུམ་ཁྲི་གཅིག་བརྩོན་ལེན་བྱས་ཏེ་རང་ཞིང་གི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་དང་། དེའི་ནང་གཞིས་ཁུལ་གྱི་རྒན་པར་ཉིན་དཀར་ལྟ་སྐྱོང་བྱེད་ས་སུམ་ཅུ་དང་རྒན་པར་བདག་སྐྱོང་བྱེད་པའི་ཞབས་ཞུའི་སྡེ་ཁག་ལྔ། རྒན་པའི་བྱ་འགུལ་ལྟེ་གནས་ལས་གཞི་བདུན་ཡོད་པར་མ་ཟད། དུས་ཐོག་ཏུ་ལས་གཞིའི་འཛུགས་སྐྲུན་ལས་འགན་དང་མ་དངུལ་ཁུལ་དང་གྲོང་ཁྱེར་སོ་སོར་བགོས།
སྤྱི་ཕན་མ་དངུལ་འདི་རེ་ཞུ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་སྔོན་ལ་ཞིང་ཆེན་ནོར་སྲིད་སྡེ་ཁག་ལ་དམངས་ཚིས་ཞུབས་ཞུའི་ལས་གཞི་སྐོར་ཞིག་ལེགས་འདེམས་བྱས་ཏེ་རེ་ཞུ་བྱས་ནས་ལས་གཞིའི་འཛུགས་སྐྲུན་མ་དངུལ་བརྩོན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིངས། དུས་ཐོག་ཏུ་ལས་གཞིའི་སྐུལ་འདེད་ཚོགས་འདུ་བསྡུས་ཏེ་ལས་གཞིའི་འཛུགས་སྐྲུན་དང་མ་དངུལ་དོ་དམ་སོགས་ཀྱི་ཐད་ལ་བླང་བྱ་གསལ་བོ་བཏོན་པ་དང་་སྟོབས་ཤུགས་ཡོད་རྒུས་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པ་དང་དུས་ལྟར་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འགན་སྲུང་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་སྤྱི་ཚོགས་ཕན་ནུས་འདོན་སྤེལ་གང་ལེགས་བྱས།
ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རྒན་གསོ་ཞབས་ཞུའི་འཛུགས་སྐྲུན་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་བ་དེས་མཚོ་སྔོན་ཞིང་ཆེན་གྱིས་སྡོད་ཁུལ་རྨང་གཞིར་བྱེད་པ་དང་གཞིས་ཁུལ་རྒྱབ་རྟེན་དུ་བྱེད་པ། སྡེ་ཁག་འདེགས་སྐྱོར་དུ་བྱེད་པའི་སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ་དང་རྒན་པའི་བསམ་པའི་རིག་གནས་དགོས་མཁོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་དམངས་སྲིད་སྤྱི་ཐུན་ཞབས་ཞུའི་ནུས་པ་དང་གཞི་རྩའི་དམངས་ཚིས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།