སྟོན་ཁ་དང་དགུན་ཁའི་དུས་ཚིགས་འདི་ནི་རིམས་ནད་འབྱུང་སླ་བའི་དུས་ཞིག་ཡིན་པས། མང་ཚོགས་མང་པོ་དང་ལྷག་པར་དུ་ལོ་ལོན་དང་བྱིས་པ་དག་གིས་འགོག་སྨན་འདེམ་པའི་ཐབས་ལ་བརྟེན་ནས་རང་ཉིད་ཀྱི་འགོག་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་རྒྱག་པའི་དོ་དམ་བྱ་བར་སྔ་ལས་ཤུགས་སྣོན་པའི་ལག་བསྟར་བསམ་འཆར»དཔར་འགྲེམ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་རྒྱག་པའི་དོ་དམ་བྱ་བ་དང་འབྲེལ་ཡོད་ཀྱི་སྤྱིའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། སྔར་ལས་ཚད་ལྡན་གྱི་འགོག་སྨན་འཁོར་རྒྱུག་དང་འགོག་ཁབ་རྒྱག་པའི་དོ་དམ་བྱ་བའི་སྒྲིག་གཞི་ཞིག་འཛུགས་པར་འབད་བརྩོན་བྱས།
ལག་བསྟར་བསམ་འཆར་ལས་མུ་མཐུད་དུ་འགོག་ཁབ་རྒྱག་པའི་མཇུག་འབྲས་པན་པར་ཁ་གསབ་བྱེད་པའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་མཉམ་ཞུགས་ཚོགས་འདུའི་ནུས་པ་འདོན་སྤེལ་བྱེད་པ། ཚབས་ཆེན་རང་བཞིན་གྱི་ཐོལ་བྱུང་དོན་རྐྱེན་དང་སྤྱི་ཚོགས་ཀྱི་ཚ་གནད་དོན་རྐྱེན་ལ་མཉམ་དུ་གདོང་གཏོད་པ། འགོག་སྨན་གྱིས་ནད་གཞི་ཚོད་འཛིན་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། འགོག་སྨན་གྱིས་ཚོད་འཛིན་ཐུབ་པའི་མཆེད་ནད་རིག་པ་དང་ཐེ་གཏོགས་ཞིབ་འཇུག་ལ་ཤུགས་སྣོན་དགོས་ལ། འགོག་སྨན་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པ་ལག་བསྟར་བྱས་ཏེ། འགོག་ཁབ་རྒྱག་པའི་ལས་ཁུངས་ཀྱིས་ཐད་ཀར་དུ་འགོག་སྨན་ཐོན་སྐྱེད་ཁེ་ལས་ནས་རིགས་གཉིས་པའི་འགོག་སྨན་ཉོས་མི་ཆོག་པ་དང་། འགོག་སྨན་འཁྱག་གཏོང་འཁོར་འབྲེལ་སྡེབ་སྐྱེལ་ཚད་ལྡན་དུ་གཏོང་བ། འགོག་སྨན་གསོག་ཉར་དང་སྐྱེལ་འདྲེན་བརྒྱུད་རིམ་ཧྲིལ་པོ་འཁྱག་གཏོང་འཁོར་ལོ་དང་ཁ་བྲལ་མི་ཆོག་པ། འགོག་སྨན་གསོག་ཉར་དང་སྐྱེལ་འདྲེན་བརྒྱུད་རིམ་ཧྲིལ་པོའི་དྲོད་ཚད་ལྟ་བཤེར་ཟིན་ཐོ་ལེན་པ། འགོག་སྨན་གྱི་ཆེས་ཆུང་བའི་ཐུམ་རྒྱག་ལས་ཁུངས་ཀྱི་ཐོན་སྐྱེད་དང་གསོག་ཉར། སྐྱེལ་འདྲེན་དང་བཀོལ་སྤྱོད་བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པར་བྱས་ཏེ། འགོག་སྨན་ལྟ་སྐུལ་དོ་དམ་གྱི་ནུས་པ་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན་ཡོད།
ལག་བསྟར་བསམ་འཆར་ལས་ད་དུང་ཚད་ལྡན་ཅན་གྱི་འགོག་ཁབ་རྒྱག་པའི་ལས་ཁུངས་འཛུགས་པར་ཤུགས་སྣོན་པ་དང་། འགོག་ཁབ་རྒྱག་པའི་ཐོབ་ཐང་ལ་དོ་དམ་བཟང་པོ་བྱས་ཏེ། དུས་བཅད་ལྟར་དུ་ཐོབ་ཐང་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། འགོག་ཁབ་རྒྱག་པའི་དཔང་རྟགས་ཞིབ་བཤེར་རྩིས་ལེན་གྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ཏེ་བྱིས་པར་དུས་ལྟར་འགོག་ཁབ་རྒྱག་དགོས་ལ། རིགས་གཉིས་པའི་འགོག་ཁབ་རྒྱག་པའི་དོ་དམ་ལ་ཤུགས་བསྣན་ཏེ། རྫོང་རིམ་པའི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྲིད་འཛིན་སྡེ་ཁག་གིས་ཁོངས་གཏོགས་ཁུལ་ནས་རིགས་གཉིས་པའི་འགོག་ཁབ་རྒྱག་པའི་ལས་ཁུངས་གཏན་ཁེལ་བྱས་ཏེ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས་པ་དང་། དངུལ་གཏོང་རྐྱེན་སྲོལ་བརྟན་པོ་ཞིག་བཙུགས་ཏེ་འགོག་ཁབ་རྒྱག་པ་སོགས་ནད་གཞི་སྔོན་འགོག་གི་ཚོད་འཛིན་བྱ་བའི་འགྲོ་གྲོན་འདང་ངེས་ལ་འགན་སྲུང་བྱེད་པ་དང་། མི་སྣའི་ཐོབ་ཐང་མཐོར་འདེགས་བྱས་ཏེ་འཕྲོད་བསྟེན་རིམས་ནད་སྔོན་འགོག་དང་གནས་སྐབས་རང་བཞིན་གྱི་བྱ་བའི་རོགས་རམ་དང་ཁ་གསབ་དོན་འཁྱོལ་ཡོང་བར་བྱེད་དགོས་ལ། རིགས་གཉིས་པའི་འགོག་ཁབ་ཞབས་ཞུའི་རིན་གོང་ཚད་གཞི་གཏན་ཁེལ་བྱས་ཏེ་འགོག་ཁབ་རྒྱག་པའི་ཤེས་བྱ་ཁྱབ་གདལ་དུ་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད།
ཡིག་སྒྱུར་བ། ཉི་མ་ཚེ་རིང་།