ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་སྤྱི་སྤྱོད་མཁའ་འགྲུལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་སྤྱི་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
ཐེངས་འདིའི་སྤྱི་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དེས་ཕྱོགས་གཉིས་ཀྱིས་མཉམ་ལས་སྟེགས་བུ་བཟང་བོ་སྐྲུན་པ་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ། ནུས་ཡོད་སྒོས་སྤྱི་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་གོ་སྐབས་སུ་བརྩིས་ཏེ་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་ངོས་ནས་མགོ་རྩོམ་པ་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པར་འབད་པ་བྱེད་རྒྱུ་ཡིན་པར་མ་ཟད། མཚོ་ལྷོ་ཁུལ་གྱི་དངུལ་གཏོང་ཁོར་ཡུག་ལེགས་བཅོས་དང་ཁྱོན་ཡོངས་ནས་མཚོ་ལྷོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དེ་མིན། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་འོག མཚོ་སྔོན་ཞིང་ཆེན་གྱིས་ཐོག་མའི་སྤྱི་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞི་དེ་ཁྲི་ཀ་རྫོང་དུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན། ཉིས་སྟོང་བཅོ་བརྒྱད་ལོར་ཡོངས་འགྲུབ་བྱེད་ཐུབ། དེ་དང་མཉམ་དུ་མཚོ་ལྷོ་ཁུལ་གྱི་ཞིན་ཧེ་རྫོང་དང་ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་རྫོང་གསུམ་གྱི་སྤྱི་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་ལ། འབྲེལ་ཡོད་སྡེ་ཁག་དང་ཇུས་འགོད་སྡེ་ཁག་གི་མི་སྣ་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་ཟད། ས་གནས་འདེམས་པ་དང་དུས་སྐབས་སྔོན་མའི་རྒྱུ་ཆ་འཚོལ་བསྡུའི་བྱ་བ་སོགས་རིམ་པ་བཞིན་སྤེལ་བཞིན་ཡོད།
གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་སྤྱི་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཧྲི་ཧྲོ་ཧྥིན་གྱིས་སྤྱི་སྤྱོད་འཁའ་འགྲུལ་ལས་རིགས་འཕེལ་རྒྱས་བཏང་བ་དེས་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་ཕྱོགས་བསྡུས་འགྲིམ་འགྲུལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་དམངས་ཚིས་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་ཐུན་མོང་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་བཅས་ཀྱི་ཐད་ནུས་ཡོད་འགན་སྲུང་འདོན་སྤྲོད་བྱེད་ཐུབ། དེ་མིན། རྗེས་ཕྱོགས་ཕྱོགས་གཉིས་ཀྱིས་མཁའ་འགྲུལ་ཐོན་ལས་ཐད་ཁྱབ་ཁོངས་སྔར་ལས་ཆེ་བ་དང་རིམ་པ་སྔར་ལས་མང་པོའི་མཉམ་ལས་བྱས་ཏེ་མཚོ་ལྷོའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་རེ་བ་ཡིན་ཟེར།