ཀྲུང་གོའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཁྱོན་ཡོངས་ནས་སྤེལ་བ་དང་སྨན་རྫས་ཟུར་སྣོན་རིན་གོང་སོགས་མེད་པར་བཏང་།
2017.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་ཡོད་ཚད་ནས་ཕྱོགས་བསྡུས་བཅོས་སྒྱུར་སྤེལ་ཏེ། སྤྱི་ཕན་རང་བཞིན་ལ་སྲུང་སྐྱོབ་དང་ཡར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་པའི་གཞུང་བཙུགས་སྨན་ཁང་འཁོར་སྐྱོད་ཀྱི་རྐྱེན་སྲོལ་གསར་པ་རིམ་བཞིན་བཙུགས་ནས། མང་ཚོགས་ཀྱི་སྨན་རིན་མཐོ་བ་དང་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཟེར།

རང་རྒྱལ་གྱིས་ཉིས་སྟོང་བཅུ་ལོ་ནས་བཟུང་གྲོང་ཁྱེར་བཅུ་དྲུག་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་སྤེལ། བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ནི། སྨན་རྫས་ཀྱིས་སྨན་པའི་ཚབ་བྱེད་པའི་གནས་ཚུལ་བསྒྱུར་བ་དང་། སྨན་རྫས་ཀྱི་ཟུར་སྣོན་རིན་གོང་མེད་པར་གཏོང་བ། སྨན་བཅོས་རྒྱུ་ཆ་དང་སྨན་བཅོས་སྒྲིག་ཆས་ཆེན་པོའི་ཞིབ་བཤེར་བརྟག་བཤེར་གྱི་རིན་གོང་ཇེ་དམའ་རུ་གཏོང་བ། ནད་བརྟག་སྨན་བཅོས་དང་གཤགས་བཅོས། ནད་གཡོག་སོགས་སྨན་བཅོས་མི་སྣའི་ལག་རྩལ་ངལ་ལས་ཀྱི་རིན་ཐང་མཚོན་པའི་རྣམ་གྲངས་ཀྱི་རིན་གོང་ཇེ་མཐོར་གཏོང་བ། གཞུང་བཙུགས་སྨན་ཁང་གི་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་དོན་དང་ལས་དོན་སོ་སོར་བགར་བ། དོ་དམ་དང་ལས་སྒྲུབ་སོ་སོར་བགར་བ། གཞུང་བཙུགས་སྨན་ཁང་གི་སྲིད་འཛིན་རིམ་པ་རིམ་བཞིན་མེད་པར་གཏོང་བ། ཚན་ལྡན་མགྱོགས་མྱུར་གྱི་འཁོར་སྐྱོད་རྐྱེན་སྲོལ་འཛུགས་པ། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་མི་དོན་གླ་ཕོགས་ལམ་ལུགས་བཙུགས་ཏེ། ལས་ཀ་མང་ན་གླ་ཕོགས་མང་བ་དང་། ལས་འབྲས་བཟང་ན་ཐོབ་ཐང་བཟང་བར་བྱེད་པ། རྒྱུ་སྤུས་སྲོག་ཤིང་ཡིན་ལ་སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་ཡིན་པའི་སྨན་བཅོས་དཔྱད་ཞིབ་རྐྱེན་སྲོལ་འཛུགས་པ། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་རིན་གོང་ལུགས་མཐུན་མིན་པར་འཕར་བར་ཚོད་འཛིན་བྱེད་པ་བཅས་རེད།

གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གྱི་གཙོ་གནད་ནི་སྨན་རྫས་ཀྱིས་སྨན་པའི་ཚབ་བྱེད་པའི་རྐྱེན་སྲོལ་གཏོར་བ་དང་། ལོ་དྲུག་ཅུ་ལྷག་གི་རིང་ལག་བསྟར་བྱས་པའི་སྨན་རྫས་ཟུར་སྣོན་རིན་གོང་གི་སྲིད་ཇུས་མེད་པར་གཏོང་བ། ནད་པའི་སྨན་བཅོས་ཀྱི་ཁུར་པོ་བསྟུད་མར་ཇེ་ཡང་དུ་གཏོང་བ་བཅས་ཡིན་ལ། དེ་དག་བརྒྱུད་དེ་མི་སྒེར་གྱི་འཕྲོད་བསྟེན་ཐད་ཀྱི་འགྲོ་སོང་ཀྱིས་འཕྲོད་བསྟེན་འགྲོ་སོང་སྤྱིའི་ཁྲོད་དུ་ཟིན་པའི་བསྡུར་ཚད་དེ་སྨན་བཅོས་བཅོས་སྒྱུར་སྔོན་གྱི་བརྒྱ་ཆའི་བཞི་བཅུ་ལྷག་ནས་ཉིས་སྟོང་བཅུ་དྲུག་ལོའི་བརྒྱ་ཆའི་སུམ་ཅུའི་མན་དུ་བསླེབས།

སྨན་བཅོས་ཕྱོགས་བསྡུས་བཅོས་སྒྱུར་གྱིས་སྨན་ཁང་གིས་སྨན་སྟེར་བ་དང་ཞིབ་བཤེར་བྱེད་པར་བརྟེན་ནས་ཁེ་སྤོགས་ལེན་པའི་འཁོར་སྐྱོད་རྐྱེན་སྲོལ་བསྒྱུར་བ་དང་། དེར་བརྟེན་ནས་ཇེ་ཉུང་དུ་སོང་བའི་ཡོང་སྒོ་ནི་ནོར་སྲིད་ཁ་གསབ་དང་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱས་པ་སོགས་ལ་བརྟེན་ནས་ཐག་བཅད།

རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་སྒྲིག་སྲོལ་བཅོས་སྒྱུར་ཟི་ཡི་ཟི་ཀྲང་གཞོན་པ་ཡའོ་ཅན་ཧུང་གིས་བཤད་རྒྱུར། སྨན་བཅོས་ཕྱོགས་བསྡུས་བཅོས་སྒྱུར་བརྒྱུད་དེ་ང་ཚོའི་སྨན་བཅོས་རིན་གོང་གི་གྲུབ་ཚལ་སྔར་ལས་ལེགས་པོར་གྱུར་པ་དང་། སྨན་བཅོས་རིན་གོང་འཕུར་སྣོན་གྱི་ཚད་ཀྱང་ཇེ་དམའ་རུ་སོང་ཡོད། ད་ལོའི་ལོ་མཇུག་གི་སྔོན་ལ་ང་ཚོས་ས་གནས་ཀྱི་སྨན་བཅོས་རིན་གོང་འཕར་ཚད་བརྒྱ་ཆའི་བཅུའི་མན་དུ་ཚོད་འཛིན་བྱེད་རྒྱུ་ཡིན་ཟེར།