ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་ཡིས་མཉམ་དུ་བྱེད་ཐབས་གཏན་ལ་ཕབ་ནས་ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་ཚོད་ལྟ་སྤེལ།
2017.10.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའུ་ཡིས་ཉེ་སྔོན་མཉམ་དུ་ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་བའི་སྐོར་གྱི་བྱེད་ཐབས་གཏན་ལ་ཕབ། དེ་ནི་ཁྲིམས་འཛིན་བཅོས་སྒྱུར་དང་ཁྲིམས་རྩོད་ལམ་ལུགས་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་ཡིན་པ་དང་། རང་རྒྱལ་གྱི་འགྲོ་མིའི་ཐོབ་ཐང་ལ་ཁྲིམས་འཛིན་འགན་སྲུང་བྱེད་པའི་ཐད་ཀྱི་གོང་འཕེལ་ཆེན་པོ་ཞིག་ཡིན་ལ། དེ་ཁྲིམས་རྩོད་པས་ཉེས་དོན་གྱོད་གཞིའི་ཁྲོད་དུ་དག་འབུད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་འཛིན་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དཔལ་ཡོན་གྱི་གོང་འཕེལ་མཚོན་པར་དོན་སྙིང་གལ་ཆེན་ལྡན།

ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁེབས་པར་ཁག་ཐེག་བྱེད་ཆེད། བྱེད་ཐབས་ནང་དུ་ཐེངས་གཉིས་པར་ཁྲིམས་གཅོད་བྱེད་པའི་མི་དམངས་ཁྲིམས་ཁང་གིས་ཐེངས་དང་པོར་ཁྲིམས་གཅོད་བྱས་པའི་མི་དམངས་ཁྲིམས་ཁང་གིས་དག་འབུད་བརྡ་གཏོང་གི་འགན་ནུས་མ་བསྒྲུབས་པར་ཞུ་སྦྱོར་ཕྱི་མ་བར་འདྲི་གཅོད་ཀྱི་སྐབས་སུ་ཁྲིམས་རྩོད་པའི་དག་འབུད་ཐོབ་མེད་པ་ཤེས་ཚེ། ཐོག་མའི་ཁྲིམས་གཅོད་མེད་པར་བཏང་ནས། ཐོག་མའི་ཁྲིམས་གཅོད་བྱས་པའི་མི་དམངས་ཁྲིམས་ཁང་ལ་ཡང་བསྐྱར་ཁྲིམས་གཅོད་བྱེད་དུ་འཇུག་དགོས་པ་དང་། ཁྲིམས་རྩོད་པའི་ཐོན་ཁུངས་འགན་སྲུང་ལ་ཤུགས་བསྣན་ནས། ཁྲིམས་རྩོད་པའི་ཐོན་ཁུངས་གཅིག་གྱུར་ལེགས་སྒྱུར་བྱས་ཏེ། ཁྲིམས་རྩོད་པས་ཉེས་དོན་དག་འབུད་ལས་སྒོ་སྤེལ་བར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས་ལ། རིམ་པ་མང་བའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ་བཙུགས་ཏེ། འགྲོ་གྲོན་འགན་སྲུང་གི་ཆུ་ཚད་དེ་ཉེས་དོན་གྱོད་གཞིའི་ཁྲིམས་རྩོད་པའི་དག་འབུད་ཁྱོན་ཡོངས་ལ་ཁེབས་པའི་ཚོད་ལྟའི་བྱ་བ་སྤེལ་བའི་དགོས་མཁོ་དང་མཐུན་པར་ཁག་ཐེག་བྱེད་དགོས་པའི་གཏན་ཁེལ་གསལ་པོ་བྱས་ཡོད།