གཅིག་སྒྲིལ་རྫོང་གིས་སྨན་བཅོས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་དམངས་ཚིས་ལེགས་སྒྱུར་བྱས།
2017.10.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། བདེ་ཐང་དབུལ་སྐྱོར་ཐད་གནད་སྨིན་ཤུགས་འདོན་བྱས་པ། ཧུར་ཐག་གིས་སྨན་བཅོས་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་སུ་བཏང་བས། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་དང་ནད་རིགས་སྔོན་འགོག་ཚོད་འཛིན། གཞུང་བཙུགས་སྨན་ཁང་བཅོས་སྒྱུར་སོགས་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་དམངས་ཡོངས་ཀྱི་བདེ་ཐང་གི་བདེ་སྐྱིད་སྟོན་གྲངས་མུ་མཐུད་དུ་མཐོར་འདེགས་སུ་སོང་།

གཅིག་སྒྲིལ་རྫོང་གིས་ལོ་ལྔའི་ནང་མ་དངུལ་སྒོར་འབུམ་བདུན་དང་ཁྲི་བརྒྱད་གྲབས་གསོག་བྱས་ཏེ་ཁྱོན་ཡོངས་ནས་སྡེ་བའི་འཕྲོད་བསྟེན་ཁང་བཅུ་གསུམ་གྱི་ལས་གཞི་འཛུགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། རྫོང་ཡོངས་སུ་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ཉེར་གཉིས་ལ་སླེབས་པར་མ་ཟད། རྫོང་དང་ཞང་། སྡེ་བ་རིམ་པ་གསུམ་གྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱའི་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར། ཆེད་ལས་ལག་རྩལ་མི་སྣ་ཁ་གསབ་བྱེད་པ་ཡོངས་འགྲུབ་བྱས་ཤིང་། མ་དངུལ་བརྩོན་ལེན་བྱས་ནས་ཚོན་ལྡན་སྒྲ་རླབས་དང་ཁྲག་དབུགས་དབྱེ་ཞིབ་དཔྱད་ཆས་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཉོ་བ་ཡོངས་འགྲུབ་བྱས་པས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་གཞུང་སྒྲུབ་ཁོར་ཡུག་དང་མཁར་གྲོང་གི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་མངོན་གསལ་གྱིས་ལེགས་སྒྱུར་བྱས།

གཅིག་སྒྲིལ་རྫོང་གིས་ནད་རིགས་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་ཤུགས་བསྣན་པ་མ་ཟད། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་དགུ་ཡི་འཕྲོད་བསྟེན་ཁང་ཚང་མ་དབུལ་སྐྱོར་ལས་གཞིའི་ཁྲོད་བཞག་ནས་སྨན་བཅོས་འགན་སྲུང་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱས།

དེ་དང་མཉམ་དུ། གཅིག་སྒྲིལ་རྫོང་གིས་ལོ་རེར་སྒོར་འབུམ་བདུན་བཏང་ནས་སྨན་རྫས་ཁེ་སྤོགས་མེད་པའི་སྒོ་ནས་ཕྱིར་འཚོང་བྱས་པས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་སྨན་བཅོས་ཀྱི་རིན་གོང་མཐོ་བའི་གནད་དོན་མངོན་གསལ་གྱིས་ལེགས་སྒྱུར་བྱས།