ཉེ་ལམ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་གཅིག་དང་རྣམ་གྲངས་བཞིའི་རིག་གཞུང་ཞིབ་འཇུག་གི་དཔྱད་འབྲས་ལ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་སྐབས་བཞི་བའི་བྱ་དགའ་ཐོབ་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེད་མཁས་པ་བྱ་དགའ་བསྩོལ་བའི་རིག་གཞུང་བྱ་འགུལ་དེར་ཞུགས་པའི་ཚུན་ལ། བྱ་དགའ་ཐོབ་པ་ཆེས་མང་པའི་ལོ་ཞིག་ཡིན་པར་མ་ཟད་གྲུབ་འབྲས་མངོན་གསལ་ལྡན་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་དུ་ཕྱིན་པའི་བསྡུས་གཟུགས་ཤིག་ཀྱང་རེད།
ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་བསྟོད་བྱ་དགའ་ནི་སྤྱི་ལོ་ཉིས་སྟོང་ལྔ་ལོར་བཙུགས་པ་དང་། དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་ཆོག་མཆན་གནང་སྟེ་གསར་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཞིག་ཡིན་ལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ནས་ལོ་བཞིའི་ནང་ཐེངས་རེར་སྤེལ་བཞིན་ཡོད། བྱ་འགུལ་དེའི་དགོངས་པ་ནི་སྤུས་ལེགས་ཐབས་ཇུས་ལག་བསྟར་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ཀྲུང་གོའི་བོད་རིག་པའི་ལས་དོན་གོམ་གང་མདུན་སྤོས་ཀྱིས་དར་རྒྱས་སུ་གཏོང་བར་སྐུལ་ལྕག་གནང་རྒྱུ་དེ་རེད། མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ། ཚེ་འདས་སྐུ་ཞབས་ཕུའུ་ཝུན་ཁྲིན་ལགས་ཀྱིས་རང་རྒྱལ་གྱི་བོད་རིག་པའི་ལས་དོན་འཕེལ་རྒྱས་ཐད་ལ་བྱས་རྗེས་བླ་མེད་བཞག་མྱོང་བ་དང་། ཁོང་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཞིང་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་ཞིག་ཡིན་པའི་ཆ་ནས་སྐབས་བཞི་བའི་ཇོ་མོ་གླང་མའི་བྱ་དགའི་མཚན་སྙན་བྱ་དགའ་གནང་བ་རེད། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ལ་སོ་སོར་རྣམ་གྲངས་གཉིས་ཀྱི་བྱ་དགའ་ཐོབ་ཡོད་དེ། དེ་ལས་དགེ་རྒན་ཆེན་མོ་ཁྲིན་ཝེ་དང་ཞིབ་འཇུག་པ་ཤེས་རབ་གཉིས་ཀྱིས་གཙོ་སྐྱོང་གནང་བའི་གླིང་རིམ་པའི་གཙོ་གནད་ཞིབ་འཇུག་བྱ་གཞི༼མཚོ་སྔོན་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པར་དོ་དམ་བྱེད་ཐབས་གསུམ་གྱི་རྣམ་པ་ལག་བསྟར་བྱས་པ་ལས་བསྐྱེད་པའི་ཕན་འབྲས་དང་ཉམས་མྱོང༽ཞེས་པར་རྒྱ་ཡིག་ཚན་སྐོར་གྱི་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཞིབ་འཇུག་པ་གཞོན་པ་རྟ་མགྲིན་རྒྱལ་གྱིས་བྲིས་པའི༼མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འབྲོག་པའི་ཁྱིམ་ཚང་གི་དབུལ་ཕོངས་གནད་དོན་ཞིབ་འཇུག་སྟེ། དར་ལག་རྫོང་གི་དཔེ་མཚོན་འབྲོག་ཁྱིམ་གཞིར་བཟུང་ནས་དཔྱད་པ༽ཞེས་པར་རྒྱ་ཡིག་ཚན་སྐོར་གྱི་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་བྲིས་པའི༼རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན༽དང་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་བྲིས་པའི༼བོད་སྐད་ཀྱི་ཚིག་གི་རྣམ་གཞག་ཤིན་ཏུ་གསལ་བར་བཤད་པ་རིག་འཕྲུལ་རྒྱན་ཕྲེང༽གཉིས་ལ་བོད་ཡིག་ཚན་སྐོར་གྱི་རིག་གཞུང་ཆེད་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།