ཟླ10པའི་ཚེས18ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་། ཁེ་ལས་ཚོགས་པ། སློབ་གྲྭ་ཆུང་འབྲིང་། ཞང་དང་གྲོང་རྡལ་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་འགོ་བརྩམས་པར་དོ་སྣང་ཆེན་པོ་བྱས།
རྨ་ཆུ་རྫོང་གི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ། སྨན་པ་སོགས་ཀྱིས་བརྙན་འཕྲིན་དང་དྲ་བ། རྒྱང་བསྒྲགས། ཁ་པར་སོགས་བརྒྱུད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཡུལ་དངོས་ཐད་གཏོང་ལ་བལྟས། དངུལ་རྭ་ཞང་གི་ཏང་ཡོན་ཕྱག་རྡོར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་ཐད་གཏོང་བརྙན་འཕྲིན་ལ་བལྟས་རྗེས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དབུལ་བཅོས་ཕྱུག་འགྱུར་དང་སྐྱེ་ཁམས་འཛུགས་སྐྲུན། མཉམ་ལས་སྨན་བཅོས་སོགས་ཕྱོགས་ཡོངས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། མཁར་གྲོང་འཕེལ་རྒྱས་དང་ཞིང་གྲོང་འཛུགས་སྐྲུན་སོགས་ཕྱོགས་གང་ལའང་དུས་རབས་རང་བཞིན་གྱི་འཕེལ་རྒྱས་གསར་བ་བྱུང་ཡོད། གནད་འགག་གི་སྐབས་འདིར་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་མ་ཟད། ཀྲུང་གོའི་བསྐྱར་དར་དང་འདུན་མ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་མཆོང་སྐྱོད་ཐེངས་ཤིག་ཡིན་པར་འདོད།
རྨ་ཆུ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཀྱི་གདོང་ལ་རེ་བའི་འཛུམ་གྱིས་སྤྲོས་ཏེ། གཅིག་གྱུར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་འགོ་རྩོམ་པའི་ཡུལ་དངོས་ཐད་གཏོང་བརྙན་འཕྲིན་ལ་བལྟ་བཞིན་ཡོད་པ་དང་། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིན་གྱི་སྙན་ཞུ་ནི་མིག་རྒྱང་རིང་བ་དང་བརྗིད་ཉམས་ལྡན་པ། མི་སེམས་འགུལ་བར་བྱེད་པ་ཞིག་ཡིན་པར་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་བ་འགོ་རྩོམ་པའི་ཡུལ་དངོས་ཐད་གཏོང་བརྙན་འཕྲིན་ལྟ་བར་རྩ་འཛུགས་བྱས་པ་ནི་སློབ་སྦྱོང་གི་བྱ་འགུལ་གལ་ཆེན་ཞིག་ཡིན་པར་བསམ་ཡོད། ཏང་ཡོན་ལས་བྱེད་པ་རྣམས་ལ་ཚད་མཐོའི་ཆབ་སྲིད་ཀྱི་འོས་འགན་ལྡན་པ་དང་སློབ་སྦྱོང་གི་སྤྲོ་བས་བརྟས་ཡོད་པས། ཏང་གི་ཚོགས་ཆེན་བཅུ་དགུ་བར་ནན་ཏན་གྱིས་ལྟ་བ་དང་བརྒྱུད་བསྒྲགས་མཐར་ཕྱིན་བྱེད་པར་འགོ་ལེགས་པོ་བརྩམ་པ་རེད། ཚང་མས་ཐེངས་འདི་གོ་སྐབས་ལེགས་ཤོས་སུ་བཟུང་ནས་རྫོང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱ་དགོས།
རྨ་ཆུ་རྫོང་མཁར་དང་ཞང་གྲོང་སོ་སོ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་འབྲོག་ཁྱིམ་རེ་རེས་རྒྱལ་དར་འགེལ་བ་དང་ཁ་གཡང་གི་ཤིས་ཚིག་སྦྱོར་བ། གླུ་གར་གྱི་རོལ་རྩེད་བྱེད་པ་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་ཏེ་རྒྱལ་ཁའི་ངང་གྲོལ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག
རྫོང་སྲིད་གཞུང་གི་ལས་བྱེད་པ་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ལྟ་གཞིན་པ།
རྨ་ཆུ་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ལྟ་གཞིན་པ།
དངུལ་རྭ་ཞང་གི་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ལྟ་གཞིན་པ།
འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ལྟ་གཞིན་པ།
ཉི་མ་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུ་ལ་ལྟ་གཞིན་པ།
རྨ་ཆུ་རྫོང་ནས་འབྱོར་བའི་གསར་འགྱུར། གསར་འགོད་པ་ལྷ་མོ།