མཚོ་ནུབ་ཁུལ་གྱིས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུས།
2017.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉིན་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་རིག་རྩལ་འཁྲབ་སྟོན་དང་། ཡིག་གཟུགས་པར་རིས་འགྲེམ་སྟོན། གཏམ་བཤད་འགྲན་སྡུར་སོགས་བྱ་འགུལ་སྣ་ཚོགས་སྤེལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུས།

ཏུའུ་ལན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྫོང་ཉེན་རྟོག་ཅུའུ་བཅས་ཀྱིས་མཉམ་བསྒྲུབས་བྱས་པའི་མཚར་སྡུག་ལྡན་པའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ངོམ་ནས་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་ཞེས་པའི་མེ་ཕུང་སྐོར་བྲོ་དང་ཞབས་བྲོ་སྣ་ཚོགས་འཁྲབ་སྟོན་བྱེད་པའི་བྱ་འགུལ་སྤེལ། རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་བདེ་ཉེན་རྟོག་པ་དང་མཉམ་དུ་དགའ་བའི་གླུ་བླངས་པ་དང་སྐྱིད་པའི་བྲོ་འཁྲབ་ནས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་དགའ་མགུ་ཡི་རངས་དང་མ་འོངས་འཚོ་བ་སྔར་ལས་བཟང་བར་སེམས་གཏིང་ནས་སྨོན་འདུན་ཞུས་ལ། དེ་ལས་མི་དམངས་མང་ཚོགས་དང་སྤྱི་བདེ་ཉེན་རྟོག་པའི་འདོད་བློ་མཐུན་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་ཉམས་འགྱུར་བཟང་པོ་མཚོན་ཡོད། མང་ཨེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་ད་དུང་ཚན་ཁག་སོ་སོས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་སོགས་ཀྱི་རྣམ་པ་སྤྱད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པར་རྟེན་འབྲེལ་ཞུས། སློབ་གྲྭ་སོ་སོས་ཀྱང་དར་དམར་སྒྲེང་བའི་མཛད་སྒོ་ཐེངས་གཅིག་བསྡུ་བ་དང་རྒྱལ་དར་འོག་ནས་རྒྱལ་དར་སྐོར་ཀྱི་གནའ་གཏམ་ཞིག་བཤད་པ། རྒྱལ་དར་འཛིན་གྲྭ་ཁག་ཅིག་འཛུགས་པ་དང་དེ་གཙོ་གནད་དུ་བཟུང་སྟེ། སློབ་ར་དང་སློབ་ཁང་ནང་དུ་རྒྱལ་དར་འགེལ་བ་སོགས་ཀྱི་སློབ་གསོས་སྣེ་ཁྲིད་བྱས་ཏེ་སློབ་མའི་སེམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་འདུ་ཤེས་གསོ་སྐྱོང་དང་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས། དེ་དང་དུས་མཉམ་དུ་མངའ་ཁུལ་གྱི་གླ་གཏོང་རླངས་འཁོར་ཉིས་བརྒྱ་ལྷག་གིས་ཀྱང་རླངས་འཁོར་སྟེང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བཔ་སུ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་ཅེས་པའི་བསྒྲགས་ཡིག་སྦྱར་ནས་མཁའ་དབུགས་གསར་བ་བསྐྲུན།

ཡིག་སྒྱུར་བ།  ཉི་མ་ཚེ་རིང་།