ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་རང་རྒྱལ་གྱི་ད་ཡོད་ལག་བསྟར་ཚད་གཞིའི་འོག་གི་ཞིང་སྡེ་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་མངོན་དུ་འགྱུར་བར་བྱེད་པ་དང་། དབུལ་ཕོངས་རྫོང་ཁག་ཚང་མའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཁོག་དབུལ་ཕོངས་ཐག་གཅོད་གཙང་ཆོད་བྱེད་པ། དབུལ་ཕོངས་ངོ་མ་དབུལ་ཐར་བྱེད་པ། དབུལ་ཐར་རྣལ་མ་མངོན་འགྱུར་བྱེད་པ་བཅས་ལ་འགན་ལེན་ཁག་ཐེག་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་མཚོན་ནས་བཤད་ན། སྔོན་ཆད་དབུལ་བོ་དབུལ་ནག་གི་ས་ཆ་ཞིག་ཡིན། ཉིས་སྟོང་བཅོ་ལྔ་ལོར། ཏང་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས་པའི་དུང་བརྡ་བསྒྲགས་མ་ལག སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉེར་དགུ་དང་། དབུལ་ཕོངས་མི་གྲངས་བཞི་བརྒྱ་གྱ་བཞི་ས་ཆ་གཞན་དུ་གནས་སྤར་ནས་ཁང་བ་གསར་བའི་ནང་དུ་གཞིས་ཆགས་ཏེ། ད་ལྟ་དབུལ་ཕོངས་ལས་གྱེས་ནས་སྐྱིད་ཀྱི་འཚོ་བ་རོལ་མགོ་བརྩམས།
ལོ་ན་དོན་བདུན་ཡིན་པའི་རྒད་པོ་ལུའུ་ཡུག་རོང་གི་གདོང་ཡོངས་སྨྲ་ར་དཀར་པོས་གཡོགས་ཡོད་ནའང་ལྐོག་ཏུ་ཡིབ་པའི་མིག་མདངས་ལ་སྔར་བཞིན་རྣོ་མདངས་དང་ལྡན་པས། ཧོར་རིགས་རྒད་པོ་ཞིག་གི་བཟོ་ལྟ་གསོན་པོ་ཀུན་ནས་མངོན་ཡོད། ལུའུ་ཡུག་རོང་གི་གནས་སྤོར་སྡོད་ཁང་གསར་བའི་བཀོད་པ་མཛེས་ཤིང་། གྱང་ངོས་སུ་ལྡེབས་ཤོག་སྦྱར་ཡོད་པར་མ་ཟད། ཁང་ཀླད་དུ་གློག་སྒྲོན་བཏེགས་ཡོད་པ་ལས་གཞན། ས་རུ་སོ་ཕག་བཏིངས་ཡོད། གློག་བརྙན་འཇོག་སྒྲོམ་སྟེང་དུའང་ཚོན་ལྡན་བརྙན་འཕྲིན་གྲལ་དག་མོའི་ངང་བཞག་ཡོད། རྒད་པོས་བཤད་རྒྱུར། ང་ཚོའི་སྡེ་བ་འདི་ནི་ན་ནིང་གི་ཟླ་བ་བཅུ་གཉིས་པའི་ནང་དུ་རི་མགོ་ནས་ས་འདི་རུ་གནས་སྤར་བ་ཡིན། སྡོད་ཁང་གསར་བ་འདིའི་མཁར་གྱང་ས་ཡིས་བཟོས་ཡོད་ཅིང་ཁང་བ་ཤིང་གིས་ལས་ཡོད་པར་བརྟེན། སྔར་གྱི་སྡོད་ཁང་དང་བསྡུར་ན་ཁྱིམ་གཞིས་གསར་བ་འདི་ལ་ཡག་སྣང་ཆེན་པོ་ལྡན་ཟེར། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། རྒད་པོ་ལུའུ་ཡག་རོང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཐད་གཏོང་ལ་བལྟས་རྗེས། སེམས་ཀྱི་སྤྲོ་བ་འགོག་མ་ཐུབ་པའི་སྒོ་ནས་བཤད་རྒྱུར། སྔོན་ཆད་འཚོ་བ་བཟང་བོ་ནི་ཆུ་འཐུང་རྒྱུ་ཡོད་པ་དང་སྔོ་ཚོད་གསར་བ་བཟའ་རྒྱུ་ཡོད་པ་དེ་ཡིན་ལ། དེང་སྐབས་རང་འབབ་ཆུ་ཆད་མེད་དུ་འཐུང་ཐུབ་པར་མ་ཟད། སྔོ་ཚོད་གསར་བའང་ཁ་ལ་རྒྱུན་པར་རེག་ཐུབ་པ་ལས་གཞན། བྱིས་པ་རྣམས་སློབ་གྲྭར་བསྐྱལ་བདེ་བ་དང་རྒན་པ་རྣམས་ཀྱི་ནད་སྟོན་སླ་བའི་འཚོ་བ་སྐྱིད་པོ་རོལ་ཐུབ་ཡོད་ཟེར།
རྒད་པོ་ལུའུ་ཡུག་རོང་གིས་སེམས་གཏམ་བཤད་ཀྱིན་བཤད་ཀྱིན་དུ་མིག་ཆུ་འབྱིད་ཞོར་དུ། ང་རང་ལོ་ན་ཆེན་པོ་འདི་ལྟ་བུ་ཞིག་ཏུ་སོན་ནའང་། ད་དུང་སྔར་བཞིན་འཚོ་བ་བཟང་བོ་འདི་ལྟ་བུར་རོལ་བའི་ལས་སྐལ་ལྡན་པས། ངས་དུས་རྟག་པར་གུང་ཁྲན་ཏང་གིས་རྒད་པོ་རྒས་འཁོགས་ང་སེམས་ནས་མ་བོར་བར་བཀའ་དྲིན་ཞུ་བཞིན་ཡོད་ཅིང་། ང་རང་ད་དུང་ལོ་འགར་གསོན་ནས་བདེ་སྐྱིད་ཀྱི་འཚོ་བ་འདི་ཉམས་སུ་མྱང་འདོད་ཡོད་ཟེར།