ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་སྲུང་བྱས་ཏེ། ནན་ཏན་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཞིང་ཕྱུགས་ལས་རིགས་དེང་རབས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་མཉམ་འདྲེས་ཡོང་བར་བྱས་ཐོག ཞིང་ཕྱུགས་ལས་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་ཕྱེས།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་ནང་དུ། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་བྱེད་ནུས་ས་གཙོ་བོའི་ས་ཁོངས་འཛུགས་སྐྲུན་འཆར་འགོད་དོན་འཁྱོལ་ཡོང་བར་བྱས་ལ། ཚན་རིག་དང་མཐུན་པའི་རྨོ་སྐྱུར་རྩྭ་འདེབས། མཚོ་སྔོན་པོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ལས་གཞི་འཆར་འགོད་ཡོངས་སུ་ལེགས་འགྲུབ་བྱུང་། ལས་གཞི་ས་ཁུལ་གྱི་སྤང་གི་ཁྱབ་ཚུལ་ནི་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཅིག་དང་ན་འདམ་གྱི་ཁྱབ་ཚུལ་ནི་བརྒྱ་ཆའི་སོ་བརྒྱད་ཀྱིས་ཡར་འཕར་ལ། ཟོས་ཆོག་པའི་སྔོ་རྩྭ་ནི་བརྒྱ་ཆའི་བཅུ་ཡིས་མང་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཧྲིལ་བོ་ཇེ་ཞན་དུ་འགྲོ་བར་ཚོད་འཛིན་ཅུང་ལེགས་པོ་ཐེབས་ནས། ས་ཁུལ་ཁ་ཤས་ཤིག་ཏུ་ལེགས་བཅོས་ཀྱི་གྲུབ་འབྲས་མངོན་གསལ་ཐོབ།
མིག་སྔར། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་གི་ཁ་གསབ་སྤྲོད་པའི་སྲིད་ཇུས་བརྒྱུད་དེ། ཕྱུགས་བཀག་གི་རྩྭ་སའི་རྒྱ་ཁྱོན་ནི་སྤྱི་ཆིང་བྱེ་བ་གཅིག་ས་ཡ་དྲུག་ལྷག་ལ་བུད་ལ། འབྲོག་ཁྱིམ་འབུམ་བདུན་ཁྲི་གསུམ་ལ་ཕན་ཁེ་ཐོབ། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་སྲུང་སྐྱོབ་དོ་དམ་མཁན་ཁྲི་གཅིག་ལྷག་གསར་བསྐོ་བྱས་ནས། རྩྭ་ཐང་གྱི་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་སྣོན་བྱས༎
རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཀྱི་ཕྱུགས་ལས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་བཙུགས་ལ། དེ་ལ་འབྲོག་ཁྱིམ་འབུམ་གཅིག་ཁྲི་གཅིག་དེའི་ནང་ཞུགས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོ་གསོ་སྤེལ་ཁང་ཉིས་བརྒྱ་སོ་གཉིས་བཙུགས་ནས། མ་རྐང་མཉམ་བསྲེས་ལམ་ལུགས་གཙོ་བོར་འཛིན་པའི་དེང་རབས་ཀྱི་རྩྭ་ཐང་ཕྱུགས་ལས་འཕེལ་རྒྱས་རྣམ་པ་ལ་སྐུལ་འདེད་བྱས་ཏེ། རྒྱལ་ཡོངས་ཀྱི་རྩྭ་སའི་ཕྱུགས་ལས་འཕེལ་རྒྱས་ལ་འགྲོ་ལམ་གསར་བ་འཚོལ་ཞིབ་བྱས་པས། རྒྱལ་ཁབ་ཞིང་ལས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་དུ་གཏན་འབེབས་བྱས།
ཡིག་སྒྱུར་བ། པདྨ་རྡོ་རྗེ།