ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཆ་འཕྲིན་ཅན་གྱི་སློབ་ཁྲིད་ཉེར་སྤྱོད་ཡུལ་དངོས་གསོ་སྦྱོང་ཚོགས་འདུ་གུང་ཧོ་རྫོང་ནས་བསྡུས། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར། རྫོང་དང་ཆུའུ་སོ་སོ་ནས་ཡོང་བའི་སློབ་གསོ་བྱ་བ་སྒྲུབ་མཁན་སུམ་བརྒྱ་ལྷག་གིས་རྨང་གཞིའི་སློབ་གསོ་ཆ་འཕྲིན་ཅན་དུ་འཕེལ་རྒྱས་སུ་གཏོང་བ་དང་བེད་སྤྱོད་བྱེད་པའི་ཐད་ནས་གྲོས་སྡུར་བྱས།
གྲོས་ཚོགས་སྐབས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་དང་གུང་ཧོ་རྫོང་སློབ་གསོ་ཅུའུ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་སློབ་ཆུང་གཉིས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་སོགས་ཀྱི་འགན་ཁུར་མི་སྣས་སོ་སོར་ཉམས་མྱོང་བཟང་པོ་ངོ་སྤྲོད་བྱས། ཚོགས་ཞུགས་མི་སྣས་ད་དུང་གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་དང་། གུང་ཧོ་རྫོང་སློབ་ཆུང་དང་པོ། གུང་ཧོ་རྫོང་སློབ་འབྲིང་། གུང་ཧོ་རྫོང་མི་རིགས་སློབ་འབྲིང་བཅས་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་སློབ་གསོ་ཉེར་སྤྱོད་ཐད་ཀྱི་གྲུབ་འབྲས་ལ་ལྟ་སྦྱོང་བྱས།