ཟླ10བའི་ཚེས18ཉིན། ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་འགོ་བརྩམས་པ་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་མཚོ་བྱང་ཡན་ལག་རུ་ཁག་གིས་དཔོན་དམག་རྩ་འཛུགས་བྱས་ནས་ཚོགས་ཆེན་འགོ་རྩོམ་པའི་གནས་ཚུལ་ལ་བལྟས་པར་མ་ཟད། ཚང་མས་ནན་ཏན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་ལ་ཉན།
བསྟུད་མར་ཉིན་འགའི་རིང་ལ། དྲག་ཆས་ཉེན་རྟོག་མཚོ་བྱང་ཡན་ལག་རུ་ཁག་གིས་ལས་ཁུངས་ནས་གཞི་རིམ་བར། དཔོན་དམག་རྣམས་དགའ་སྤྲོས་ཁེངས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱས། ཡན་ལག་རུ་ཁག་གི་ཏང་ཨུས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་ཆབ་སྲིད་འགན་འཁྲི་གཙོ་བོ་ཞིག་ཏུ་བརྩི་བ་དང་། དམག་དཔུང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་གྱི་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་ཁུངས་སོ་སོས་ཡོངས་ཁྱབ་ཏུ་ཆེད་དོན་སློབ་སྦྱོང་དང་གནད་དོན་ཞིབ་འགྲེལ། གཙོ་གནད་ཐོ་འགོད། མྱོང་ཚོར་བརྗེ་རེས་སོགས་ཀྱི་རྣམ་པ་སྤྱད་དེ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། དཔོན་དམག་ལ་སྙན་ཞུའི་གཞི་རྩའི་ནང་དོན་དང་དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་དུ་བཅུག་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་དཔོན་དམག་རྣམས་ལས་གནས་སུ་རྐང་ཚུགས་པ་དང་བསམ་པ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་བྱེད་པའི་ནང་གནས་སྒུལ་ཤུགས་སུ་འགྱུར་བར་སྐུལ་སློང་བྱས། དཔོན་དམག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པའི་གནད་འགག་གི་དུས་རིམ་དུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་ཞུགས་པའི་ཆོད་གཏམ་གསར་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ལ་འགྱུར་བ་བྱུང་བའི་ཁྱད་ཆོས་གསར་བར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་ལ། དུས་རིམ་གཉིས་སུ་བགོས་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གསར་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པར་མ་ཟད། ཏང་གི་འཛུགས་སྐྲུན་དང་རེ་བ་གསར་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱས་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དེ་འགུལ་སྐྱོད་ཁྲིད་སྟོན་དུ་བཟུང་སྟེ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོར་ཉར་བ། གསར་གཏོད་ཡར་བརྩོན་དང་དམ་འཛིན་ལྷོད་མེད། སྟོབས་ཤུགས་གང་ཡོད་བཏོན་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་སྟེང་སྐྱོད་དགོས་ཟེར།