མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྟེར་བའི་བྱ་བ་སྤེལ་བའི་གོ་རིམ་ཁྲོད། སྒོར་ཁྲི་ལྔ་མན་གྱི་དངུལ་བུན་གྱི་ལོ་གསུམ་ནང་གི་སྐྱེད་ཀ་ནོར་སྲིད་ཀྱིས་སྤྲོད་པའི་སྲིད་ཇུས་ཀྱི་ཕན་འབྲས་ཁྱོན་ཡོངས་ནས་རྒྱ་བསྐྱེད། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ། མཚོ་ལྷོ་ཁུལ་ཡོངས་ཀྱིས་དངུལ་རྩ་ལས་ཁུངས་ཀྱིས་རྣམ་པ་གསར་བའི་ཞིང་སྡེའི་ཚོང་གཉེར་བ་དང་ཡིག་ཚོགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་། ཁྱད་ཆོས་ཁྱད་སྟོབས་ཅན་གྱི་ཁེ་ལས། འཇོན་མིའི་ཁྱིམ་ཚང་བཅས་ལ་བསྡོམས་པས་དབུལ་སྐྱོར་དངུལ་བུན་དུང་ཕྱུར་གསུམ་བྱེ་བ་གཅིག་ས་ཡ་བརྒྱད་བྱིན།
དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྟེར་བའི་བྱ་བ་སྤེལ་སྐབས། མཚོ་ལྷོ་ཁུལ་གྱིས་དབུལ་སྐྱོར་གྲངས་ཉུང་དངུལ་བུན་བྱ་བའི་སྐུལ་སྤེལ་ཚན་ཆུང་བཙུགས་ནས། འཕེལ་རྒྱས་ཀྱི་འདོད་བློ་དང་ལས་གཞི་ཡོད་པ་དང་། ངལ་རྩོལ་གྱི་རྩལ་ནུས་ལྡན་པ། མ་དངུལ་གྱི་དགོས་མཁོ་ཡོད་ཅིང་དབུལ་བུན་དང་སྐྱེད་ཀ་མི་སྤྲོད་པའི་དབུལ་ཕོངས་ཁྱིམ་ཚང་རོགས་སྐྱོར་བྱེད་ཡུལ་དུ་གཏན་ཁེལ་བྱས་པ་དང་། དབུལ་སྐྱོར་དང་ནོར་སྲིད། ཞིང་ཕྱུགས། དངུལ་རྩ་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་དབུལ་ཕོངས་སྡེ་བ་རུ་སོང་ནས་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད། དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། དེའི་ཐད་གནས་པའི་དཀའ་ཁག་གནད་དོན་ཐག་བཅད་དེ། 2018ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་གསུམ་ཡོད་གཅིག་མེད་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་གྲངས་ཉུང་དངུལ་བུན་ཡོངས་ཁེབས་བྱེད་པར་བརྩོན་ལེན་བྱས། ཁུལ་ཡོངས་ཀྱི་དངུལ་ཁང་སོ་གཉིས་ཀྱི་དྲ་ཐོག་ནས་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཡིད་རྟོན་ཐད་ཀྱི་དཔྱད་བསྡུར་གཏན་འབེབས་ལ་སྤྱི་སྡོམ་བྱེད་པའི་བྱ་བ་སྤེལ་བ་དང་། གསུམ་ཡོད་གཅིག་མེད་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་དོ་དམ་ལམ་ལུགས་བཙུགས་ནས། དངུལ་བུན་བསྐྱི་བའི་ཐད་ནས་མྱུར་དུ་ཆོག་མཆན་འགོད་པ་དང་མྱུར་དུ་སྟེར་ཐུབ་པར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་ཁྱིམ་ཚང་ཡོངས་ཀྱིས་དབུལ་སྐྱོར་གྲངས་ཉུང་དངུལ་བུན་ཐད་ཀྱི་རྒྱབ་སྐྱོར་ལོངས་སྤྱོད་བྱེད་ཐུབ་པར་ཁག་ཐེག་བྱས།