མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་གྲོང་རྡལ་དང་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱིས་ལས་འགན་ལེགས་སྒྲུབ་དང་དམངས་ལ་ཞབས་ཞུ་། འཕེལ་རྒྱས་སྐུལ་འདེད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཆེད་དུ། སྡེ་བ་སོ་ལྔ་ཡི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་རྣམས་ལ། ཟླ་དགུ་བའི་ཚེས་བཅོ་ལྔ་ནས་ཚེས་ཉེར་གཉིས་ཉིན་བར་དུ་རྫོང་ཨུའི་ཏང་གི་སློབ་གྲྭ་རུ་སྡེ་བའི་ལས་བྱེད་པའི་ནུས་པ་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྡུས། གསོ་སྦྱོང་གི་བར་སྐབས་སུ། རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་རྣམས་གུང་ཧོ་རྫོང་དང་རྐང་ཚ་རྫོང་། མདའ་བཞི་རྫོང་བཅས་ཀྱི་གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བར་ཡུལ་དངོས་ལྟ་སྦྱོང་བྱེད་པར་སོང་།
ཐེངས་འདིའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པའི་ནུས་པ་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི། སྡེ་བའི་ལས་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་དང་ལས་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་ཆེད་དུ་ཡིན་ལ། རྨ་ཆེན་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཏང་ཨུ་གཉིས་ཀྱིས་ཕྱོགས་མང་པོ་ནས་མཐུན་སྦྱོར་དང་ཞིབ་མོས་བཀོད་སྒྲིག ད་དུང་ཁུལ་དང་རྫོང་གི་འབྲེལ་ཡོད་ཆེད་ལས་སྡེ་ཁག་གི་འགན་འཁུར་པ་ཆེད་དུ་གདན་འདྲེན་བྱས་ཏེ། གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་ཤེས་བྱ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གནད་ཕིགས་དབུལ་སྐྱོར་སྲིད་ཇུས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས། ནོར་སྲིད་དཔལ་འབྱོར་སྒྲིག་ཁྲིམས་བཅས་དཀྱིལ་སྙིང་དུ་བཟུང་ནས་ཆེད་དོན་གྱི་སློབ་ཁྲིད་བྱས།
གསོ་སྦྱོང་གི་གོ་རིམ་ཁྲོད་དུ། ཆེད་མཁས་པས་སྨྱན་མང་གཟུགས་དང་ཕན་ཚུན་རོགས་རམ་གྱི་སློབ་ཁྲིད་རྣམ་པ་བརྒྱུད་དེ། མིག་སྔར་ཏང་གི་འཛུགས་སྐྲུན་བྱ་བའི་གཞུང་ལུགས་དང་ལག་ལེན། སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ་ཀྱི་དོན་སྙིང་གལ་ཆེན། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གནད་དོན་དང་ཐག་གཅོད་བྱེད་ཐབས། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལས་འགན་གཙོ་བོ། ནོར་སྲིད་དཔལ་འབྱོར་དོ་དམ་ལམ་ལུགས་བཅས་ཀྱི་ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་ཁག་ལ་དབྱེ་ཞིབ་ཟབ་མོ་བྱས། སློབ་ཁྲིད་ཀྱི་ནང་དོན་ལ་མཛུབ་སྟོན་རང་བཞིན་ལྡན་པ་དང་། གཞུང་ལུགས་ཀྱི་ཚད་མཐོ་ཞིང་། ལག་ལེན་གྱི་ཉམས་མྱོང་ལྡན་པས། སློབ་ཁྲིད་ལ་ཞུགས་པའི་མི་རྣམས་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ལ། བྱ་བ་སོ་སོ་ལ་བདེ་ལེགས་ངང་ཕན་འབྲས་ཐོན་པར་གལ་ཆེ་བའི་བློ་འབྱེད་ནུས་པ་དང་མཛུབ་སྟོན་ནུས་པ་ལྡན། ལས་བྱེད་པ་ཚང་མས་ངེས་པར་དུ་སྦྱངས་ཟིན་པའི་ཤེས་བྱ་ཀུན་རང་གི་བྱ་བ་དངོས་ཀྱི་ཁྲོད་དུ་བཀོལ་ནས་གྲུབ་འབྲས་ལེན་དགོས་པའི་ཆོད་སེམས་བསྟན།