ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་མི་གྲངས་ནི་ས་ཡ་གཉིས་འབུམ་ལྔ་ལས་བརྒལ།
2017.11.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་དུ། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་གྱིས་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་མི་ཐེངས་ནི་ས་ཡ་གཉིས་འབུམ་ལྔ་ལས་བརྒལ་ཏེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་སྒོ་ཕྱེས་པ་ནས་བཟུང་། ཡུལ་སྐོར་བའི་མི་གྲངས་བསྟུད་མར་ཡར་འཕར་ཏེ། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་དུ། སྣེ་ལེན་བྱས་བའི་ཡུལ་སྐོར་བ་མི་ཐེངས་ས་ཡ་གཉིས་འབུམ་ལྔ་ལས་བརྒལ་བ་དང་། དེ་ནི་ཉིས་སྟོང་བཅོ་ལྔ་ལོ་དང་བསྡུར་ན་མི་ཐེངས་ས་ཡ་གཅིག་དང་ཉིས་སྟོང་བཅུ་བདུན་འཕར་བ་དང་།ཉིས་སྟོང་བཅུ་དྲུག་ལོ་དང་བསྡུར་ན་མི་གྲངས་འབུམ་ལྔའི་ཇེ་མང་དུ་སོང་ཡོད། 
ཉེ་བའི་ལོ་འགའི་རིང་ལ། ཚྭ་ཁའི་ཚྭ་མཚོ་ལ་ནམ་མཁའི་མེ་ལོང་ཞེས་པའི་མཛེས་ལྗོངས་ཀྱི་མཚན་སྙན་ཐོབ་པར་བརྟེན།  མཛེས་སྡུག་གི་ཡུལ་ལྗོངས་ཀྱི་སྙན་གྲགས་བེད་སྤྱད་དེ། ཧུར་ཐག་གིས་ཡུལ་སྐོར་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་བཏང་ལ། ཡུལ་སྐོར་ལས་རིགས་ནི་ས་དེ་གའི་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་བའི་ནུས་ཤུགས་ཆེ་བའི་ཐོན་ལས་སུ་གྱུར་ཡོད། ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་ལ་ཡུལ་སྐོར་མགྲོན་པོ་མེད་པའི་སྐབས་དང་བསྟུན་ནས་ཉིས་སྟོང་བཅོ་ལྔ་དང་བཅུ་དྲུག་ལ་བསྟུད་མར་ཐེངས་གཉིས་ལ་སྒོ་བརྒྱབ་ནས་བསྐྱར་གསོ་བྱས་ལ། བསྐྱར་གསོ་བྱས་རྗེས་ཀྱི་ལྗོངས་ཁུལ་གྱི་བྱེད་ནུས་འཐུས་ཚང་དུ་གྱུར། ནམ་མཁའི་མེ་ལོང་ཞེས་པའི་མཚན་སྙན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ། མི་མང་པོ་དངོས་སུ་ལྟད་མོར་ཡོང་བ་རེད།
ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་གྱིས་Aརིམ་ལྔ་བའི་ཡུལ་སྐོར་ལྗོངས་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་མགོ་བརྩམས་ལ། ཚྭ་ཁའི་ཚྭ་མཚོས་ཉིས་སྟོང་བཅུ་བདུན་ནས་ཉིས་སྟོང་བཅུ་དགུ་བར་ Aརིམ་ལྔ་བའི་ཡུལ་སྐོར་ལྗོངས་ཁམས་བསྐྲུན་པའི་དམིགས་འབེན་གསར་བ་དང་བྱེད་ཐབས་གསར་བ་བཏོན་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འགྲན་རྩོད་གསར་བ་བསུས། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་གི་ཚེས་གཅིག་ནས་ཉིས་སྟོང་བཅོ་བརྒྱད་ཀྱི་ཟླ་བཞི་བའི་ཚེས་གཅིག་བར་ལྗོངས་ཁུལ་ལ་ཐེངས་གསུམ་པའི་བསྐྱར་གསོ་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་ཚྭ་མཚོ་ཡིས་སྔར་ལས་མཛེས་ཤིང་སྡུག་པའི་རྣམ་པ་ཞིག་གིས་ཕྱོགས་ཡོངས་ཀྱི་ཡུལ་སྐོར་མགྲོན་པོ་རྣམས་བསུ་རྒྱུ་རེད།