ཁྲི་ཀ་རྫོང་གིས་ཁྱད་ལྡན་ཐོན་ལས་ཀྱིས་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2017.11.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་གཡུ་མཚོ་སྡེ་བས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་ལ་བརྟེན་ནས་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཐོན་ལས་ཀྱིས་སྣེ་ཁྲིད་དང་རྣམ་གྲངས་ལས་བསྟར་བྱེད་པ། ཁྱད་ཆོས་བཟུང་ནས་ཐོན་རྫས་གྲགས་ཅན་སྤེལ་བ་གཞིར་བཟུང་བའི་ཞིང་ལས་བྱེད་སྟངས་ལག་བསྟར་བྱས་པ་དང་། ཧུར་ཐག་གིས་གསར་དར་ཞིང་ལས་ཀྱི་ལས་གཉེར་གཙོ་བོ་གསོ་སྐྱོང་བྱས། མུའུ་བརྒྱའི་མེ་ཏོག་གི་རྒྱ་མཚོ་དང་ལོག་དཀར་མེ་ཏོག་གི་གླིང་ཁུལ་འཛུགས་སྐྲུན་བྱས་ནས། ཞིང་པ་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་དངོས་ནི་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་གི་སྒོར་སྟོང་བདུན་བཞི་བརྒྱ་དོན་དྲུག་ནས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་གི་སྒོར་སྟོང་བདུན་བདུན་བརྒྱ་ཞེ་གཉིས་ལ་འཕར། ད་ལོའི་ཚོད་དཔག་ལྟར་ན་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་བརྒྱད་ལས་བརྒལ་བ་མངོན་འགྱུར་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན་ཐུབ་པ་དང་། ལོ་རེ་བཞིན་གོང་དུ་འཕེལ་བའི་དམིགས་ཡུལ་ལེགས་འགྲུབ་ཡོང་ངེས་རེད།
 

སྡེ་བ་འདིས་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གཉིས་ཀྱི་རྒྱབ་སྐྱོར་འོག དགུན་ཁའི་ལོག་དཀར་སོགས་སྤྱི་ཆིང་ལྔ་བཅུ་ལྷག་འདེབས་འཛུགས་བྱས་ཏེ་ཡུལ་སྐོར་བ་ལ་ཕྱོགས་ཡོངས་ཀྱི་མཐོང་ཚོར་གསར་བ་ཞིག་བྱིན། དེ་དང་མཉམ་དུ་ཞིང་ཁྱིམ་མ་རྐང་དུ་ཞུགས་ནས་ཁེ་སྤོགས་བགོ་བའི་རྣམ་པ་ཡིས་ཞིང་སའི་བཀོལ་སྤྱོད་བྱེད་ཚད་ཇེ་ལེགས་སུ་བཏང་བ་དང་། རྨ་ཆུའི་འགྲམ་གྱི་ས་ཆར་སིལ་སྡོང་སྤྱི་ཆིངས་དྲུག་ཅུ་ལྷག་བཙུགས་ཏེ་ས་ཞིང་ནགས་དྲ་ཅན་དུ་འགྱུར་བ་མངོན་འགྱུར་བྱས། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་སོང་བས་ཟམ་ཆུང་འོག་གི་ཆུ་ཕྲན་དང་མེ་ཏོག་གི་རྒྱ་མཚོ། སིལ་ཏོག་ར་བ་བཅས་ཀྱིས་ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་ཅིག་གྲུབ་ཡོད། ཞིང་པ་མང་ཚོགས་ཀྱི་ཡོང་སྒོ་ལོ་རེ་བཞིན་འཕར་སྣོན་བྱུང་བ་དང་། ཞིང་པས་འཛུགས་སྐྲུན་བྱས་པའི་ཁམས་གསོ་ཉ་འཛིན་གླིང་དང་ཁྱིམ་ཚང་མགྲོན་ཁང་སྐར་ཚོགས་བཞིན་ཁེབས་པ་དེས་རྨ་ཆུ་དྭངས་མོ་ལ་དམིགས་ནས་ཡོང་པའི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་རབ་ཏུ་བཀུག དེས་ཞིང་ལས་འཕེལ་རྒྱས་ལ་ནུས་ལྡན་གྱི་སྐུལ་སྤེལ་དང་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆ་རུ་བསྒྱུར་བ་མངོན་འགྱུར་བྱུང་།