གསར་འགོད་པས་ཉེ་ལམ་མཚོ་ནུབ་སོག་རིག་བོད་རིགས་རང་སྐྱོང་ཁུལ་གྱི་ནོར་སྲིད་ཅུའུ་ལས་ཤེས་གསལ་ལྟར། གཉེར་ཁྲལ་འཕར་ཁྲལ་བཅོས་བསྒྱུར་བྱེད་སའི་ཚོད་ལྟ་ཁུལ་ཕྱོགས་ཡོངས་ནས་སྤེལ་བའི་ལོ་གཅིག་གི་རིང་ལ། མཚོ་ནུབ་ཁུལ་གྱི་བྱ་བ་སོ་སོ་བརྟན་འཇགས་དང་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ལས་རིགས་སོ་སོའི་ཁྲལ་འགན་ཉུང་དུ་འགྲོ་བ་ལས་འཕར་སྣོན་བྱུང་མེད་པ་དང་། ཁྲལ་ཇེ་ཉུང་དུ་གཏོང་བའི་གཞི་རྒྱ་རྒྱ་བསྐྱེད་པ་དང་། ཁེ་འབབ་བཅོས་བསྒྱུར་མུ་མཐུད་དུ་བྱེད་པ་མངོན་འགྱུར་བྱུང་།
ཕྱོགས་ཡོངས་ནས་གཉེར་ཁྲལ་འཕར་ཁྲལ་བཅོས་བསྒྱུར་བྱས་པ་དེས་ཐོན་ལས་གཏའ་ཚབ་དང་བཙན་ཉར་འབྲེལ་དུ་བཅུག་པས། ཁེ་ལས་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་བ་དང་དཔལ་འབྱོར་རིགས་བསྒྱུར། སྒྲིག་སྲོལ་ཇེ་ལེགས་དང་དོ་དམ་སྐུལ་འདེད་སོགས་ཀྱི་ཕྱོགས་ལ་ཕན་ནུས་ཆེན་པོ་ལྡན། ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱིས་བསྡོམས་པས་ཁྲལ་མཇལ་མཁན་གྱི་ཁྲལ་འགན་སྒོར་དུང་ཕྱུར་ལྔ་ལྷག་ཇེ་དམའ་རུ་བཏང། དེའི་ནང་གི་གསར་དུ་ཁ་སྣོན་བྱས་པའི་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་དང་ཁང་སའི་ཐོན་ལས། དངོལ་རྩ་དང་འཚོ་བའི་ཞབས་ཞུ་སྟེ་ལས་རིགས་ཆེན་པོ་བཞི་ཡི་གནས་ཐང་འཕར་བའི་ཁྲལ་སྒོར་དུང་ཕྱུར་དྲུག་བྱེ་བ་གཅིག་འབུམ་གཉིས་ཁྲི་བདུན་ཡིན་ལ་སྔོན་གྱི་ལས་རིགས་ཁྲལ་དང་བསྡུར་ན་ཁྲལ་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གཅིག་ལྷག་ཐད་ཀར་དུ་འཕྲི་འཐེན་བྱས་ཡོད།
བཅོས་བསྒྱུར་གྱི་གོ་རིམ་ཁྲོད་དུ། མཚོ་ནུབ་ཁུལ་གྱིས་ཁྲལ་སྡུད་ཀྱི་དཔལ་འབྱོར་ཚོད་འཛིན་འགན་ནུས་གང་ལེགས་སྒོས་སྤྱད། ཆུ་བཏང་ནས་ཉ་གསོ་བའི་ཁྲལ་ཕབ་གླ་གཅོག་བརྒྱུད་དེ། སྲིད་གཞུང་ཡོང་སྒོའི་འཕྲི་ཐབས་ནི་ཁེ་ལས་ཕན་ཁེ་ཡི་སྣོན་ཐབས་དང་ཚོང་རའི་གསོན་ཤུགས་ཀྱི་བསྒྱུར་ཐབས་སུ་བསྒྱུར་ནས། ནུས་ལྡན་གྱི་སྒོ་ནས་ཚོང་རའི་གསོན་ཤུགས་ལ་སྐུལ་སློང་བྱས། མིག་སྔའི་བར་དུ། མཚོ་ནུབ་ས་ཁུལ་དུ་ལས་གཉེར་གྱི་དཔྱ་ཁྲལ་ནི་གནས་ཐང་འཕར་བའི་དཔྱ་ཁྲལ་དུ་བསྒྱུར་བའི་ཞབས་ཞུ་མཉམ་གཉེར་གྱི་ཁེ་ལས་སྟོང་གཅིག་བདུན་བརྒྱ་ལྷག་ཏུ་བུད་ལ། ཉིས་སྟོང་བཅུ་དྲུག་དང་བསྡུར་ན་བརྒྱ་ཆའི་ཉི་ཤུའི་ཡར་འཕར།