མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཧྲིལ་བོར་ཀྲུང་བོད་སྨན་ཁང་གིས་ཁེབས་པར་བྱེད་རྒྱུ་རེད།
2017.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

གསར་འགོད་པས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་སྨན་ཁང་འཛུགས་སྐྲུན་བྱ་བ་སྒྲུབ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མཛུབ་སྟོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་རིམ་ཀྲུང་བོད་སྨན་ལས་བྱ་བར་བཏོན་པའི་འཆར་བཀོད་དང་བླང་བྱ་ལྟར་དུ། ཀྲུང་བོད་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཞབས་ཞུའི་ནུས་པར་ཤུགས་སྣོན། ཤེས་ལྡན་མི་སྣ་སྐྱེད་སྲིང་། རིག་གཞུང་ཆུ་ཚད་མཐོར་འདེགས། ཀྲུང་བོད་སྨན་རྫས་ཞབས་ཞུའི་དྲ་རྒྱ་འཐུས་ཚང་བཅས་སུ་བཏང་བ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྫས་བྱ་གཞག་བདེ་བླག་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

གོམ་གང་མདུན་སྤོས་ཀྱིས་གཞི་རིམ་གྱི་ཀྲུང་བོད་སོག་གསུམ་སྨན་རྫས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་ཀྲུང་བོད་སོག་གསུམ་སྨན་རྫས་ཀྱིས་མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་ཕན་ནུས་ཐོན་པར་ཁག་ཐེག་བྱེད་པའི་ཆེད་དུ། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང་བོད་སྨན་བཅོས་ཞབས་ཞུའི་ནུས་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ཀྲུང་བོད་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ཀྱི་དམིགས་ཡུལ་ནི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ཀྲུང་བོད་སྨན་བཅོས་ཁང་དང་ནད་བཅོས་ཁང་། སྨན་རྫས་ཁང་། སྨན་གདུ་ཁང་བཅས་ཀྲུང་བོད་སྨན་རྫས་གཅིག་འདུ་ཅན་འཛུགས་སྐྲུན་བྱས་ཏེ། རང་གི་ཐུན་མོང་མིན་པའི་ཁྱད་ཆོས་ཅན་གྱི་ཀྲུང་བོད་སྨན་བཅོས་ས་ཁུལ་འཛུགས་སྐྲུན་བྱས་ཏེ། རྨང་གཞིའི་སྨན་བཅོས་དང་སྔོན་འགོག་བདེ་སྲུང་། ལུས་ཟུངས་གསོ་བ་བཅས་གཅིག་འདུ་ཅན་གྱི་ཀྲུང་བོད་སྨན་རྫས་ཀྱི་ཞབས་ཞུ་སྤེལ་ནས། མང་ཚོགས་ལ་ཀྲུང་བོད་སྨན་གྱི་ལུས་གསོ་བདེ་སྲུང་ཤེས་བྱ་དྲིལ་སྒྲོག་བྱེད་རྒྱུ་དེ་རེད།

ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱིས་རྣམ་གྲངས་དེའི་ཐད་མ་དངུལ་བྱེ་བ་ལྔ་ས་ཡ་གཅིག་འབུམ་གཉིས་ཁྲི་བརྒྱད་བཏང་ལ། ཚད་གཞིར་འཚམ་པའི་ས་ཆར་ཀྲུང་བོད་སྨན་ཁང་བཞི་བརྒྱ་འཛུགས་སྐྲུན་བྱས་ཏེ། འཛུགས་སྐྲུན་ཁྱབ་ཚད་བརྒྱ་ཆའི་གོ་གཉིས་ཟིན་ཡོད། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་ཧྲིལ་བོར་ཀྲུང་བོད་སྨན་ཁང་གིས་ཁེབས་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་ཀྲུང་བོད་སྨན་རྫས་ཀྱིས་སྔར་ལས་ཀྱང་ནུས་པ་ཆེན་པོ་འདོན་པར་ཁག་ཐེག་བྱེད་རྒྱུ་རེད།