ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི“ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཧྲང་ཧའེ་ནས་འགྲེམ་འཚོང་བྱེད་པའི་འདུ་ཚོགས་སྐབས་དང་པོ”དེ་ཧྲང་ཧའེ་གྲོང་ཁྱེར་གྱི་ཞིང་ལས་བཤམས་སྟོན་ཁང་ནས་སྤེལ་འགོ་བརྩམས།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་འཚོང་ཁག་ཆེན་པོ་བཞི་རུ་བགར་ཡོད་ལ། ཧྲང་ཧའེ་ཡིས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱས་པའི་འབྲས་བུ་འགྲེམ་སྟོན་བྱེད་པ་དང་། མཐོ་སྒང་གི་ལྗང་མདོག་ཅན་གྱི་གསོན་ཤུགས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་། མགོ་ལོག་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྲོལ་གོམས་གཤིས། བོད་བརྒྱུད་ནང་བསྟན་རིག་གནས་བཅས་འགྲེམ་སྟོན་དང་འགྲེམ་འཚོང་། བོད་རིགས་ཀྱི་དམངས་སྲོལ་ཉམས་སུ་མྱོང་བ་བཅས་ཡིན། འགྲེམ་འཚོང་ལ་ཞུགས་པའི་མགོ་ལོག་གི་ཁེ་ལས་ལ་མཚོ་སྔོན5369ཀུང་ཟི་དང་གངས་ལྗོངས་གཅེས་ནོར། སྐལ་བཟང་མེ་ཏོག་སོགས་ཞིང་ཕྱུགས་ལས་ཐོན་ལས་རང་བཞིན་གྱི་སྣེ་ཁྲིད་ཁེ་ལས་བཅོ་བརྒྱད་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅུ་གསུམ་ཡོད། དེ་དག་གིས་ཞིང་ཕྱུགས་ཐོན་རྫས་དང་ཡུལ་ཐོན་དངོས་རྫས། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དང་བོད་སྨན་གྱི་རྒྱུ་ཆ་དང་ཐོན་རྫས་སོགས་མགོ་ལོག་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཟང་པོ་ཁག་ཆེན་པོ་དྲུག་དང་སྣ་ཁ་སུམ་ཅུ་ལྷག་ཁྱེར་ནས་ནང་ཞུགས་བྱས་ཡོད།
མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲང་ཉིས་པེན་གྱིས་འགྲེམ་འཚོང་གི་སྟེགས་བུ་འདི་བརྒྱུད་ཚེ་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་གྲགས་ཅན་གསོ་སྐྱོང་དང་མགོ་ལོག་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་འབྲས་བུ་དེ་ཕྱོགས་ཡོངས་ནས་གཅིག་བསྡུས་ཀྱི་འགྲེམ་སྟོན་ཡིན་ལ། ཧྲང་ཧའེ་ཡིས་མགོ་ལོག་ལ་རོགས་སྐྱོར་བྱས་པར་དྲིན་དྲན་པ་དང་དྲིན་འཇལ་བ་ཡང་ཡིན་པ་དང་། ལྷག་ཏུ་ས་ཁུལ་གཉིས་ཀྱི་ཞིང་ཕྱུགས་ལས་དང་རིག་གནས། ཡུལ་སྐོར། ཁ་གཏད་རོགས་སྐྱོར་བཅས་ཀྱི་ཕྱོགས་ནས་ཕན་ཚུན་འབྲེལ་འདྲིས་ལ་སྐུལ་འདེད་དང་། མགོ་ལོག་རིག་གནས་ཀྱི་ཡུལ་སྐོར་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཧྲང་ཧའེ་ཡི་མིང་གྲགས་ཚད་དང་ཤུགས་རྐྱེན་མཐོ་རུ་གཏོང་བར་ངོ་སྤྲོད་པའི་རྒྱལ་ཁ་ཐེངས་གཅིག་ཡིན་ཞེས་བཤད།
ཉིས་སྟོང་བཅུ་གཅིག་ལོར་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། ཧྲང་ཧའེ་ཡིས་མགོ་ལོག་གི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་བཅུ་གཉིས་ཀྱི་སྟེང་ལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་བརྒྱད་བཏང་བ་དང་། རྣམ་གྲངས་བཞི་བརྒྱ་སོ་བདུན་ལག་བསྟར་བྱས་ཏེ་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གང་ལེགས་བྱས།