ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ས་འགུལ་བརྟག་དཔྱད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་བར་དུ། བོད་ལྗོངས་སྨིན་གླིང་ས་ཁུལ་དུ་བརྒྱུགས་པའི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་འགུལ་ཁྲོད་སྨིན་གླིང་རྫོང་གི་མི་གསུམ་ལ་རྨས་ཡང་མོ་ཕོག སྤོ་བོ་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་སོགས་ས་ཁུལ་གྱི་ཁང་བ་ཁ་ཤས་སེར་ག་གས།
ཤེས་པ་ལྟར་ན། ས་འགུལ་བརྒྱུགས་སྐབས། ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་རྫོང་དང་སྨིན་གླིང་རྫོང་། དེའི་མཐའ་འཁོར་གྱི་རྫོང་ཁ་ཤས་ལ་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་། སྤོ་བོ་རྫོང་གི་སྤྲ་རྨོག་དང་ཀླུ་ནང་གྲོང་བརྡལ། སྨིན་གླིང་སོགས་ས་ཁུལ་གྱི་ཁང་བ་ཁ་ཤས་སེར་ག་གས་པ་དང་ཁང་བ་ཉུང་ཤས་བལྡིབས། མིག་སྔར། ས་འགུལ་བྱུང་སའི་ས་ཁུལ་གྱི་འཕྲིན་གཏོང་བདེ་བླག་ཡིན་པ་དང་གློག་ཤུགས་རྒྱུན་ལྡན་དུ་སླར་གསོ་བྱས་ཡོད་ལ། མང་ཚོགས་ཀྱི་འཚོ་བར་གནོད་རྐྱེན་ཆེན་པོ་ཐེབས་མ་སྲིད།
ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར་དུ། ས་འགུལ་ཐེབས་སར་བསྡོམས་པས་ས་འགུལ་ཐེངས་སུམ་བརྒྱ་དང་བཞི་བརྒྱུགས་པ་དང་། དེའི་ནང་ཚད་རིམ་ལྔ་ནས་ཚད་རིམ་ལྔ་དང་གྲངས་ཆུང་དགུ་བར་གྱི་ས་འགུལ་ཐེངས་གཅིག་བརྒྱུགས་ཡོད་ལ། ཚད་རིམ་བཞི་ནས་ཚད་རིམ་བཞི་དང་གྲངས་ཆུང་དགུ་བར་གྱི་ས་འགུལ་ཐེངས་གཉིས་བརྒྱུགས།