མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་མ་དངུལ་སྒོར་ས་ཡ་གསུམ་བཏང་སྟེ་དབུལ་ཕོངས་ནད་པ་སྟོང་གསུམ་བརྒྱད་བརྒྱར་རོགས་སྐྱོར་བྱས།
2017.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ད་ལོའི་ཟླ་བཅུ་བ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ནོར་སྲིད་མ་དངུལ་དཀོན་པའི་གནས་ཚུལ་འོག ལོ་རེར་མ་དངུལ་སྒོར་ས་ཡ་གསུམ་གཏོང་བའི་ཚད་གཞི་ལྟར་རོང་འབྲོག་ཁུལ་གྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་གི་དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱར་ནད་རིགས་ཚབས་ཆེན་ཐད་ཀྱི་རོགས་སྐྱོར་ཐེངས་གཉིས་བྱས་ཏེ་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་གནད་དོན་ཐག་བཅད།

མིག་སྔར། གུང་ཧོ་རྫོང་ལ་དབུལ་ཕོངས་ཁྱིམ་ཚང་སྟོང་བཞི་སུམ་བརྒྱ་གྱ་གཉིས་ཡོད་པ་དང་དབུལ་ཕོངས་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་ང་ལྔ་ཡོད། ནད་ཀྱི་དབང་གིས་དབུལ་བོར་གྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་གྱུར་བའི་ཁྱིམ་ཚང་སྟོང་གཅིག་ལྷག་དང་མི་སྟོང་གསུམ་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་། དེས་དབུལ་ཕོངས་ཁྱིམ་ཚང་གི་སྤྱི་གྲངས་དང་དབུལ་ཕོངས་མི་གྲངས་ཀྱི་བརྒྱ་ཆའི་ཉེར་བཞི་གྲངས་ཆུང་བཞི་དང་བརྒྱ་ཆའི་ཉེར་གསུམ་གྲངས་ཆུང་དྲུག་ཟིན།

གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་རོང་འབྲོག་ཁུལ་གྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་གི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་ཆེད། གུང་ཧོ་རྫོང་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དོན་འཁྱོལ་བྱེད་པའི་རྨང་གཞིའི་སྟེང་གུང་ཧོ་རྫོང་གི་རོང་འབྲོག་ཁུལ་གྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་གི་དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ་དག་ལ་སྒོ་བསྟེན་སྨན་རིན་རོགས་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་པ་དང་། ཚོད་དཔག་བྱས་ན། བྱེད་ཐབས་འདིས་ལོ་རེར་དབུལ་ཕོངས་ཁྱིམ་ཚང་གི་དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་ལྷག་ལ་སྨན་བཅོས་རོགས་སྐྱོར་བྱེད་བཞིན་ཡོད།

རོགས་སྐྱོར་ཚད་གཞི་ནི་འཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་རྨང་གཞི་སྟེང་། རིམ་པ་དང་པོའི་སྨན་བཅོས་སྡེ་ཁག་ལ་བརྒྱ་ཆའི་དགུ་བཅུ་དང་རིམ་པ་གཉིས་པའི་སྨན་བཅོས་སྡེ་ཁག་ལ་བརྒྱ་ཆའི་བརྒྱད་ཅུ། རིམ་པ་གསུམ་པའི་སྨན་བཅོས་སྡེ་ཁག་ལ་བརྒྱ་ཆའི་བདུན་ཅུའི་ཚད་གཞི་ལྟར་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། དེས་ཚད་མཐོན་པོའི་སྒོ་ནས་ནད་ཀྱི་དབང་གིས་དབུལ་བོར་གྱུར་བའི་དབུལ་ཕོངས་ཁྱིམ་ཚང་དག་གི་ཁུར་བོ་ཇེ་ཡང་དུ་བཏང་།